ཟླ4པའི་ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་ནས་ད་ལྟའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།
གྲོས་ཚོགས་ལས། ད་ལོའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། ཁྱོན་ཡོངས་ལ་དམིགས་པ་དང་མིག་རྒྱང་རིང་བའི་བཀོད་སྒྲིག་བྱས་ཏེ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྔོན་ལ་ཤུགས་རྒྱག་པ་དང་ཕྱོགས་བསྡུས་ཇུས་བསྟར་བྱས་པས། རང་རྒྱལ་གྱི་དཔལ་འབྱོར་འགོ་རྩོམ་པར་ནུས་ཤུགས་ལྡན་ཞིང་། དམིགས་འབེན་གཙོ་བོ་སྔོན་དཔག་གང་ལེགས་ཏེ། མཉེན་ཤུགས་དང་གསོན་ཤུགས་ཆེན་པོ་མངོན་ཡོད། དུས་མཚུངས་སུ། དཀའ་ངལ་དང་འགྲན་སློང་ཁ་ཤས་ཀྱང་མདུན་དུ་ལྷགས་ཡོད་པས། དཔལ་འབྱོར་རྒྱུན་མཐུད་བརྟན་བརླིང་ངང་ལེགས་ཕྱོགས་སུ་འཕེལ་བའི་རྨང་གཞི་ད་དུང་སྲ་བརྟན་དུ་གཏོང་དགོས་པ་དང་། ཡིད་ཆེས་ཇེ་བརྟན་དུ་བཏང་ནས་སྟོབས་ཤུགས་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་སྒོས་དཔལ་འབྱོར་བྱ་བ་དམ་འཛིན་ཡག་པོ་བྱེད་དགོས་པ་བསྟན།
གྲོས་ཚོགས་ལས་བསྟན་དོན། བརྟན་ཐོག་ཡར་འཕེལ་གྱི་བྱ་བ་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་ཞིང་འཕྱུགས་པ་མེད་པའི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གང་མགྱོགས་སྒོས་བཙུགས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་གཅིག་གྱུར་གྱིས་འཆར་འགོད་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད། བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ། ཚན་རྩལ་རང་སྟོབས་རང་སྤེལ་དང་ཐོན་ལས་མུ་ཕྲེང་རང་བདག་ཚོད་འཛིན་ཐུབ་པར་སྐུལ་འདེད་གཏོང་དགོས། སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་འོས་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་གནད་འཁེལ་བྱེད་པ་དང་། ནང་མཁོ་མུ་མཐུད་རྒྱ་སྐྱེད་གཏོང་བ། མཁོ་སྤྲོད་ཇེ་ལེགས་སུ་གཏོང་བ། འཕར་ཚད་ལེགས་སྒྱུར་དང་བསགས་འབོར་གང་ནུས་ཅི་སྤྱོད་བཅས་བྱ་དགོས། ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཚོང་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ལ་ཤུགས་བརྒྱབ་སྟེ། དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་མོ་སྔར་བས་སྟོབས་ལྡན་དུ་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀའི་འཁོར་སྐྱོད་ལེགས་སྒྱུར་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཡག་པོ་རྩོམ་པར་འབད་བརྩོན་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁོག་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་དགོས། ནོར་སྲིད་གཏོང་སྒོའི་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་ཏེ། གཞི་རིམ་གྱི“འགན་སྲུང་གསུམ་”གྱི་ཚད་མཐའ་བརྟན་པོར་བསྲུང་དགོས། དངུལ་ལོར་སྲིད་ཇུས་ཀྱི་རྒྱང་ལྟའི་རང་བཞིན་དང་བབ་བསྟུན་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེ་རུ་བཏང་ནས་འཁོར་རྒྱུག་རང་བཞིན་འདང་ངེས་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་དེ་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱ་དགོས། སྤྱི་ཁོག་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་གྱི་དཔྱད་དཔོག་ལེགས་པོ་བྱ་དགོས།
ཚོགས་འདུའི་ཐོག་བསྟན་དོན། ནང་མཁོའི་མངོན་མེད་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་དགོས། ཚོང་ཟོག་སྤུས་ལེགས་དང་ཞབས་ཞུ་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ཞབས་ཞུའི་ལས་རིགས་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱ་དགོས། ཆུ་དྲ་དང་། གློག་དྲ་གསར་གྲས། རྩིས་ནུས་དྲ་བ། འཕྲིན་གཏོང་དྲ་རབས་གསར་པ། གྲོང་ཁྱེར་གྱི་ས་འོག་སྦུག་དྲ། ཟོག་འགྲེམས་དྲ་བ་སོགས་འཆར་འགོད་འཛུགས་སྐྲུན་ཤུགས་ཆེར་གཏོང་དགོས། ཆ་རྐྱེན་འཛོམས་པའི་ལས་གྲྭའི་རྣམ་གྲངས་གལ་ཆེན་ལས་འགོ་རྩོམ་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་བསྟན་དོན། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་བཟོ་སྐྲུན་ལས་རིགས་ལུགས་མཐུན་གྱི་བསྡུར་ཚད་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “ནང་སྒྲིལ”གྱི་འགྲན་རྩོད་བཅོས་སྐྱོང་གཏིང་ཟབ་བྱེད་དགོས། མི་ཐབས་རིག་ནུས་འགུལ་སྤྱོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རིག་ནུས་དཔལ་འབྱོར་གྱི་རྣམ་པ་གསར་པ་འཕེལ་རྒྱས་གཏོང་བ། མི་ཐབས་རིག་ནུས་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་དགོས། ཕྱི་ཕྱོགས་ཀྱི་ཕོག་ཐུག་དང་འགྲན་སློང་ལ་མ་ལག་ལྡན་པའི་བྱ་ཐབས་སྤྱད་ནས། ནུས་རྒྱུ་དང་ཐོན་ཁུངས་ཀྱི་བདེ་འཇགས་འགན་ལེན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་གཏན་འཁེལ་མེད་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་གཅོག་དགོས།
ཚོགས་འདུའི་ཐོག་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ནུས་ལྡན་ངང་འགོག་ཟོན་དང་སེལ་དགོས། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་པོ་ཡོང་བ་བྱས་ནས་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་གོ་རིམ་ལྡན་པའི་སྒོ་ནས་སེལ་བ་དང་། ཁེ་ལས་ཀྱི་རྩིས་ཐོ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་པར་ཤུགས་རྒྱག་དགོས། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་མ་རྩའི་ཁྲོམ་རའི་ཡིད་ཆེས་བརྟན་པོ་དང་ཆེ་རུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལས་ཞུགས་སྔོན་ལ་འཛིན་པའི་སྲིད་ཇུས་ཀྱི་སྟོན་ཕྱོགས་ལ་ཤུགས་སྣོན་པ་དང་སློབ་གསོ་དང་། སྨན་བཅོས། བཅོལ་གསོ་སོགས་དམངས་འཚོའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཞིང་ལས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱས་ནས་ཕག་པ་སོགས་ཞིང་ལས་ཐོན་དངོས་ཀྱི་རིན་གོང་བརྟན་པར་བྱེད་དགོས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་དང་དབུལ་པོར་མི་འགྱུར་བ་བྱེད་དགོས། ཉེན་མེད་ཐོན་སྐྱེད་དང་། གནོད་འགོག་གནོད་སེལ། ཟས་རིགས་དང་སྨན་རྫས་ཉེན་མེད་སོགས་ཀྱི་ལས་ཀ་ལེགས་པར་བསྒྲུབ་དགོས། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་སུ་འགྱུར་བ་བྱེད་དགོས།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།