སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2026ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན་པས། དམིགས་འབེན་ལས་འགན་གཏན་འཁེལ་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དང་བབ་བསྟུན་མདུན་སྐྱོད་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། ད་ལོའི་ལོ་འགོ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག སྤྱི་ཁོག་སྲིད་ཇུས་ཀྱིས་སྔོན་དུ་ནུས་ཤུགས་བཏོན་པ་དང་ནུས་ལྡན་གྱིས་ཁ་གཏད་འཇལ་བས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་མ་ཆད་པར་གསོག་འཇོག་དང་ཇེ་ཆེར་སོང་བ་དང་། དཔལ་འབྱོར་འཁོར་སྐྱོད་ཀྱི་འགོ་ཡག་པོ་རྩོམ་པར་སྐུལ་འདེད་བཏང་།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པ་”འགོ་རྩོམ་པའི་ལོར། ཀྲུང་གོའི་དཔལ་འབྱོར་གྱི་གསོན་ཤུགས་མགྱོགས་མྱུར་སྒོས་འཕེལ་བཞིན་ཡོད།
སྐར་ཆ་གཅིག་གི་ནང་། མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོས་ཐ་སྙད་འདོན་སྤྱོད་བྱེད་ཚད་ཐེར་འབུམ་གཅིག་དུང་ཕྱུར་དྲུག་ལས་བརྒལ་བ་དང་། མི་གཟུགས་འཕྲུལ་མི་མདུན་ཕྱོགས་སུ་སྨི10རྒྱུག་ཐུབ་ལ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་སྒོས་གོང་འཕེལ་སོང་།
སྐར་མ་གཅིག་གི་ནང་གྲུ་ཁ་ཆེན་པོ་སོ་སོ་ནས་དངོས་ཟོག་ཏུན་ཁྲི་གསུམ་དང་སྟོང་བཞི་ཕྱིར་གཏོང་ནང་འདྲེན་བྱེད་ཐུབ་པ་དང་། མི་རྣམས་ཀྱི་ཕྱིར་བསྐྱོད་ཐད་སྟབས་བདེ་བསྐྲུན་པ་དང་དངོས་ཟོག་གེགས་མེད་ངང་སྐྱེལ་འདྲེན་བྱེད་ཐུབ་ལ། འཁོར་རྒྱུག་ཁྲོད་ཀྱི་ཀྲུང་གོར་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད།
སྐར་མ་བཅོ་ལྔའི་ནང་འཚོ་བའི་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་ལ། རྒྱལ་ཡོངས་སུ་དམངས་ཕན་འཚོ་བའི་ཁུལ8000ལྷག་བསྐྲུན་པ་དང་། རྒན་གསོ་བུ་བཅོལ་དང་ཟ་འཐུང་ཟོག་ཉོ་སོགས་ཀྱི་ཞབས་ཞུ་མང་ཚོགས་ཀྱི་མཐའ་འཁོར་དུ་ཁྱབ་ཅིང་། མི་ཚོགས་དུང་ཕྱུར་གཅིག་བྱེ་བ་དྲུག་ལྷག་གིས་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པར་མ་ཟད། དམངས་འཚོ་འགན་སྲུང་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད།
གསོན་ཉམས་ལྡན་པའི་སྣང་ཚུལ་རེ་རེ་ལས་ཀྲུང་གོའི་དཔལ་འབྱོར་དེ་གསར་བ་དང་ལེགས་པའི་ཕྱོགས་སུ་འཕེལ་བའི་གོམ་སྟབས་བརྟན་པོ་ཡིན་པ་མཚོན་ཐུབ། དུས་ཚིགས་དང་པོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཉམ་ལས་བརྒྱ་ཆའི་ལྔ་འཕར་བ་དང་། དེ་ལོ་གོང་མའི་དུས་ཚིགས་བཞི་པ་ལས་བརྒྱ་ཆའི་གྲངས་གནས0.5ཡིས་ཇེ་མགྱོགས་སུ་སོང་ཡོད།
ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགོ་ཡག་པོ་ཚུགས་པ་དེ་ལས་སླ་མོ་ཞིག་མིན། ད་ལོའི་ཚུན་དུ། ཕྱི་རོལ་གྱི་གཏན་འཇགས་མིན་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་མངོན་གསལ་སྒོས་ཇེ་མང་དུ་སོང་བ་དང་། ས་ཁུལ་གྱི་འགལ་བ་མང་པོ་འདུག རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས2026ལོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་གཅིག་བར་ཇེ་དམའ་རུ་བཏང་བ་དང་། དེ་ཆ་སྙོམས་ཀྱི་ཆུ་ཚད་ལས་མངོན་གསལ་གྱིས་དམའ། རྙོག་འཛིང་ཆེ་བའི་ཕྱི་ཕྱོགས་ཁོར་ཡུག་དང་རྒྱལ་ནང་གི་བསྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལྕི་མོར་ཁ་ཕྱོགས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཡུལ་བབ་དང་བསྟུན་ཞིང་གནད་འཁེལ་ཇུས་འདོན་བྱས། ད་ལོའི་དཔལ་འབྱོར་བྱ་བ་བཀོད་སྒྲིག་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་ཞུགས་ཇེ་བརྟན་དང་ཁེ་ལས་ཇེ་བརྟན། ཁྲོམ་ར་ཇེ་བརྟན། སྔོན་དཔག་ཇེ་བརྟན་བཅས་སུ་གཏོང་བར་ཤུགས་འདོན་པ་དང་། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་སྒོས་མཐོར་འདེགས་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་ཞིག་རྩོམ་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན། ད་ལོའི་ཚུན་དུ། བརྟག་དཔྱད་ཞིབ་འཇུག་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། དེང་རབས་ཞབས་ཞུའི་ལས་རིགས་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཕྱོགས་ལ་དམིགས་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མཛུབ་ཁྲིད་སྲུང་སྐྱེལ་དང་ཁ་ཕྱོགས་གསལ་སྟོན་གནང་།
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་གླིང་དཔལ་འབྱོར་ཁང་གི་འགོ་གཙོ་ཏུའུ་ཧྥེ་ལུན་གྱིས་བཤད་རྒྱུར། ད་ལོའི་ཚུན་དུ། ལོ་བརྒྱའི་འཕོ་འགྱུར་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། ས་འབྲེལ་ཆབ་སྲིད་ཀྱི་གནས་བབ་སྔར་ལས་ཟིང་ཟིང་དུ་འགྲོ་བཞིན་ཡོད་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བབ་བསྟུན་ཐབས་འདོན་དང་སྔོན་དཔག་བཀོད་སྒྲིག་བྱས་པ་དང་། དུས་བསྟུན་བབ་བསྟུན་གྱིས་ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་ལྡོག་ལ་རང་འགུལ་གྱིས་ཁ་གཏད་འཇལ་ཞིང་། སྔར་ལས་དགེ་མཚན་ལྡན་ཞིང་ནུས་པ་ལྡན་པའི་སྤྱི་ཁོག་སྲིད་ཇུས་བཀོད་སྒྲིག་དང་ལག་བསྟར་བྱས་ནས།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་”དུས་ཚིགས་དང་པོའི་དཔལ་འབྱོར་བརྟན་བརླིང་ངང་འགོ་ཡག་པོ་རྩོམ་པར་སྐུལ་འདེད་བཏང་།
དབུས་ཤར་གནས་བབ་ཀྱིས་གོ་ལ་ཧྲིལ་པོའི་ནུས་ཁུངས་ཐད་ཀྱི་ཉེན་ཁ་སློང་བར་ཁ་ཕྱོགས་ནས། རང་རྒྱལ་གྱིས་དག་གཙང་ཐཱན་དམའ་དང་བདེ་འཇགས་ནུས་ལྡན་གྱི་རིགས་གསར་ནུས་ཁུངས་མ་ལག་མྱུར་དུ་བསྐྲུན་ཡོད། ད་ལོའི་དུས་ཚིགས་དང་པོར་གསར་སྣོན་བྱས་པའི་གློག་འདོན་འཕྲུལ་འཁོར་ཁྲོད། རླུང་གློག་དང་འོད་ཤུགས་སོགས་བསྐྱར་སྐྱེས་ནུས་ཁུངས་ཀྱི་ཟིན་ཚད70%ཡས་མས་སུ་སླེབས་པ་དང་། ནུས་ཁུངས་གསར་པའི་འཕེལ་རྒྱས་ཀྱི་དགེ་མཚན་དེ་རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་ཀྱི་འདེགས་སྐྱོར་གཙོ་བོར་འགྱུར་བཞིན་ཡོད། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུར་དམིགས་ནས། ད་ལོར་རང་རྒྱལ་གྱིས་མུ་མཐུད་དུ་ཚན་རྩལ་གྱི་ནུས་པ་འདོན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། འབྲུ་སྣུམ་ལོ་ཏོག་གི་གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་ཇེ་མང་དུ་གཏོང་བའི་འགུལ་སྐྱོད་སྤེལ་ནས། མི་རེའི་ཆ་སྙོམས་ཀྱི་འབྲུ་རིགས་ཟིན་ཚད་དེ་རྒྱལ་སྤྱིའི་ཁས་ལེན་བྱེད་པའི་འབྲུ་རིགས་ཉེན་མེད་ཚད་ཐིག་ལས་སྤྱི་རྒྱ100ཡིས་མཐོ་བ་དང་། རྙོང་འཛིང་དང་འགྱུར་ལྡོག་ཆེ་བའི་གོ་ལ་ཧྲིལ་པོའི་གནས་བབ་འོག འབྲུ་རིགས་དང་ནུས་ཁུངས་ཀྱི་ལྟོ་ཕོར་གཉིས་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ཡོད།
ཉམས་སད་ཐེག་པའི་ཀྲུང་གོའི་དཔལ་འབྱོར་བརྟན་པོར་འཕེལ་བའི་རྣམ་པ་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་བ་དང་།“གོང་འཕེལ་”གྱི་གོམ་སྟབས་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད། གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་དུ་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་སོང་ཡོད། ད་ལོའི་ཚུན་དུ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱས་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་དེ་ལས་རིགས་མང་པོའི་ཁྲོད་ནས་འབུར་དུ་ཐོན་ཡོད་ལ། དུས་ཚིགས་དང་པོར་མཁའ་འགྲུལ་འཕུར་སྐྱོད་ཡོ་བྱད་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས། གནམ་གྲུའི་བཟོ་སྐྲུན་ལས་རིགས་སོགས་ཚང་མ་ཆེས་ཆེར་འཕར་ཡོད།
མི་ཐབས་རིག་ནུས་ཀྱིས་བཟོ་སྐྲུན་ལས་རིགས་ཀྱི་རིག་ནུས་ཅན“མྱུར་འཇུག་མཐེབ་གཞོང”ལ་སྣེ་ཁྲིད་དེ། སྣེ་ཁྲིད་བཟོ་གྲྭ70%ཡན་གྱི་ལས་སྒོའི་ཁྲོད་ཁྱབ་ཡོད་ལ། ཀྲུང་གོའི་དཔལ་འབྱོར་གྱི་གསར་འདུས་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།
ནུས་ལྡན་དགོས་མཁོ་མི་འདང་བ་དང་མཁོ་སྤྲོད་མང་ལ་དགོས་མཁོ་ཞན་པའི་མངོན་གསལ་འགལ་བར་དམིགས་ནས། ད་ལོའི་རང་རྒྱལ་གྱི“གཙོ་གནད་གཉིས”ཀྱི་ལས་གཞིའི་འཛུགས་སྐྲུན་གསལ་ཐོ་གཤམ་སྤྲོད་ཚད་ན་ནིང་ལས་མངོན་གསལ་གྱིས་མགྱོགས་པ་དང་མིག་སྔར་ལོ་ཧྲིལ་པོའི་འཆར་གཞིའི76%ལེགས་གྲུབ་བྱུང་ཡོད། རྩིས་ཤུགས་དྲ་རྒྱ་སོགས“དྲ་རྒྱ6”དང་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་སོགས་གཙོ་གནད་ཁྱབ་ཁོངས5ཡི་ལས་གཞིའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། དུས་ཚིགས་དང་པོར། རང་རྒྱལ་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཕར་ཚད་དེ་ན་ནིང་གི་ལོ་ཧྲིལ་པོ་དང་བསྡུར་ན་མར་ཆག་ནས་ཡར་འཕར་བཞིན་ཡོད། དམངས་འཚོའི་ཁྱབ་ཁོངས་སུ་མ་དངུལ་འཇོག་ཚད་ཀྱི་འཕར་སྣོན་ཇེ་མགྱོགས་སུ་བཏང་བ་དང་། གཞིས་ཁུལ་རྙིང་པ་བསྒྱུར་བཀོད་ཇེ་མགྱོགས་སུ་བཏང་སྟེ། གློག་ཤུགས་དང་། ཚ་ཤུགས། སོལ་རླངས། དེ་བཞིན་ཆུའི་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་བཅས་ཀྱི་མ་འཇོག་ཚད་དུས་མཉམ་ལས9%འཕར་བ་དང་། དམངས་འཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་ཕྱིན། ད་ལོའི་ཚུན་དུ། རྒྱལ་ཁབ་ཀྱིས་འཛད་སྤྱོད་མཐོར་གཏོང་གི་ཆེད་དོན་འགུལ་སྐྱོད་ཟབ་སྤེལ་བྱས་ནས་གཞི་ཁྱོན་ཆེ་བའི་ཁྲོམ་རའི་དགེ་མཚན་སྔར་བས་མངོན་གསལ་དུ་འགྲོ་རྒྱུར་སྐུལ་འདེད་བཏང་། དུས་ཚིགས་དང་པོར་ནང་མཁོའི་དཔལ་འབྱོར་འཕར་སྣོན་ཚད84.7%ཟིན་ཡོད་ལ། དུས་མཉམ་ལས་བརྒྱ་ཆའི་གྲངས་གནས30འཕར་ནས་ཀྲུང་གོའི་དཔལ་འབྱོར་གྱི་ནང་གནས་སྒུལ་ཤུགས་སྔར་ལས་ཆེ་རུ་ཕྱིན།
ཐོན་ལས་རིམ་སྤོར་གྱིས་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་གྲུབ་ཆ་ལེགས་སུ་གཏོང་རྒྱུར་སྒུལ་ཤུགས་གསར་པ་སྦྱིན་པ་དང་། གློག་ཤུགས་སྒྲིག་ཆས་དང་ནུས་གསོག་གློག་སྨན་སོགས་ཕྱིར་གཏོང་བྱས་པ་ནས། “ཀྲུང་གོའི་ཞབས་ཞུ”འཛམ་གླིང་དུ་བསྐྱོད་པའི་བར། ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་གི་འཕར་གཞི་གསར་པ་མགྱོགས་མྱུར་ངང་ཆགས། དུས་ཚིགས་དང་པོར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་དུས་མཉམ་གྱི་ཟིན་ཐོ་གསར་པར་བསྐྲུན་ནས། དུས་ཚིགས་ཀྱི་འཕར་ཚད་ཉེ་བའི་ལོ་ལྔའི་རིང་གི་མཐོ་ཤོས་དེ་ཡིན། ཀྲུང་གོའི་ལག་རྩལ་གསར་པ་དང་ཐོན་རྫས་གསར་པས་རྒྱུན་ཆད་མེད་པར་འཛམ་གླིང་གི་མངག་ཐོ་ནང་འདྲེན་བྱས།
ཀོང་ཀྲོའུ་འགྲེམ་ཚོགས་ཀྱི་ཉོ་སྒྲུབ་ཚོང་པ་ཏོ་སྨི་ཉི་ཁེ་ཡིས་བཤད་རྒྱུར། གལ་ཏེ་ཁྱོད་ཀྱིས་ཐོན་རྫས་གསར་བ་དང་གསར་གཏོད་གསར་བ་བཙལ་དགོས་ཚེ། ཀྲུང་གོ་ནས་དེ་བསྟུན་གྱི་འདོན་སྤྲོད་ཁ་ཕྱོགས་རྙེད་ངེས་ཡིན། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་བཟོ་སྐྲུན་ལས་རིགས་ཀྱི་ལྟེ་གནས་ཡིན་ལ། མདུན་གྲལ་ཁྱབ་ཁོངས་ཀྱི་གྲུབ་འབྲས་འབོར་ཆེན་གཅིག་བསྡུས་བྱས་ཡོད།
ཕྱི་ཕྱོགས་ཉོ་ཚོང་གི་གྲོགས་ཚོམས་མུ་མཐུད་དུ་རྒྱ་བསྐྱེད་དེ། དུས་ཚིགས་དང་པོར་རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱིས་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་གྱི་ཕྱེད་ཀའི་ཡན་བཟུང་ཡོད། རང་རྒྱལ་གྱིས་རྒྱལ་ཁབ་དང་ས་ཁུལ150ལྷག་གི་ནང་འདྲེན་འཕར་སྣོན་མངོན་འགྱུར་བྱུང་བ་དང་། ཀྲུང་གོའི་ཚོང་ར་ཆེན་པོ་དེ་འཛམ་གླིང་གི་གོ་སྐབས་ཆེན་པོ་ཞིག་ཏུ་གྱུར་ཡོད།
ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་རྩ་གནད་ནང་། དགེ་མཚན་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། གནད་འགག་ཚོད་འཛིན་མེད་པར་བཟོ་བ། ཞན་ཆ་གསབ་པ་བཅས་ཀྱིས་རྒྱལ་སྤྱིའི་འགྲན་རྩོད་དྲག་པོའི་ཁྲོད་འཐབ་ཇུས་ཀྱི་རང་རྟོགས་ཐོབ་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་ངེས་གཏན་མེད་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་འཇལ་དགོས། འགོ་རྩོམ་པའི་ལོར། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་མྱུར་མོར་བསྐྲུན་པ་དང་། ཀྲུང་གོའི་དཔལ་འབྱོར་གྲུ་གཟིངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཁའ་ལམ་བརྒྱུད་རླབས་གཤགས་མདུན་སྐྱོད་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་དགོས་ཞེས་བསྟན་ཡོད།