ཟླ4ཚེས20ཉིན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གཉིས་ཀྱིས་མཉམ་དུ་དངུལ་ཁང་ལས་ཁུངས་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་ཀྱི་དངུལ་བསྡུ་སྦྲེལ་མཐུད་ཚོགས་འདུ་བསྡུས་ནས། དངུལ་རྩའི་ཐོན་ཁུངས་ཀྱིས་དམངས་གཉེར་དཔལ་འབྱོར་ལ་གནད་འཁེལ་རོགས་འདེགས་བྱེད་པར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་དངུལ་རྩའི་ཞབས་ཞུ་ཡིས་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས།
ཚོགས་འདུའི་སྟེང་། དངུལ་ཁང་ལས་ཁུངས་དང་བཟོ་ཚོང་། དམངས་གཉེར་ཁེ་ལས་ཀྱི་འཐུས་མིས་རེ་རེ་བཞིན་གཏམ་བཤད་པ་དང་། དངུལ་རྩའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འགག་གནད་དང་དཀའ་གནད་སེལ་བ། དངུལ་ཁང་དང་ཁེ་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་གྲོས་གཞིར་དམིགས་ནས་བརྗེ་རེས་གཏིང་ཟབ་བྱས། དངུལ་ཁང་ལས་ཁུངས་སོ་ོསོས་དམངས་གཉེར་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་། ཁེ་ལས་ཀྱིས་དཀའ་ཁག་སེལ་བའི་བྱ་བའི་བྱེད་ཐབས་དང་གྲུབ་འབྲས་མཚམས་སྦྱོར་ཞིབ་མོ་བྱས་པ་དང་། དངུལ་རྩའི་ཐོན་རྫས་གསར་གཏོད་དང་ཞབས་ཞུའི་རྣམ་པ་ལེགས་སྒྱུར། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་དོ་དམ་སོགས་ཕྱོགས་ཀྱི་དཔེ་མཚོན་ཉམས་མྱོང་མཉམ་སྤྱོད་བྱས། བཟོ་ཚོང་དང་ཁེ་ལས་ཀྱི་འཐུས་མིས་ཚོང་གཉེར་གྱི་དོན་དངོས་དང་ཟུང་འབྲེལ་སྒོས་འཕེལ་རྒྱས་ཀྱི་རེ་འདོད་དང་བསམ་འཆར་གྲོས་གཞི་བཏོན་པ་དང་། དམངས་གཉེར་དཔལ་འབྱོར་གྱི་སྤུས་འདེགས་ཕན་བསྐྱེད་ཀྱི་ཕན་ཡོད་ལམ་བུ་མཉམ་དུ་འཚོལ་ཞིབ་བྱས།
ཚོགས་འདུའི་ཡུལ་དངོས་སུ་དངུལ་ཁང་ལས་ཁུངས་ཀྱིས་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཚབ་བྱེད་དཔེ་མཚོན་ཁྱབ་བསྒྲགས་བྱས་པ་དང་། མ་དངུལ་བསྡུ་རུབ་ཀྱི་མིང་རྟགས་འགོད་པའི་མཛད་སྒོ་བསྡུས་ཤིང་། དམངས་གཉེར་ཁེ་ལས་བཅུ་གསུམ་གྱིས་དངུལ་ཁང་ལས་ཁུངས་དང་དངུལ་བུན་གན་རྒྱ་བཞག་པ་དང་། དངུལ་གྲངས་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བྱེ་བ་གསུམ་ས་ཡ་གསུམ་ལ་སླེབས།
ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་སྐྱེ་ཁམས་རིག་གནས་ཡུལ་སྐོར། དག་གཙང་ནུས་ཁུངས། ཚྭ་མཚེའུའི་རྒྱུ་ཆ་གསར་པ་སོགས་ཁྱབ་ཁོངས་གཙོ་བོས་རྒྱུན་མཐུད་ངང་ཤུགས་འདོན་པར་དམིགས་པ་དང་། འཕེལ་རྒྱས་བརྟན་པོ་ཡོང་བ་དང་། ལས་ཞུགས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་པ་སོགས་ཕྱོགས་སུ་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས། ཀྲུང་གོའི་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་ཞིང་ཆེན་ནང་ཁུལ་གྱི་དངུལ་ཁང་ལས་ཁུངས་སོ་སོས་རང་འགུལ་གྱིས་ལས་འགན་སྒྲུབ་པ་དང་། རྒྱུན་མཐུད་ངང་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ། ཁྱད་ལྡན་ཐོན་རྫས་གསར་སྐྲུན། ཞབས་ཞུའི་་ལས་རིམ་ལེགས་སྒྱུར། དངུལ་རྩའི་མ་རྩ་ཇེ་དམའ་རུ་གཏོང་བ། ཞབས་ཞུའི་བརྒྱུད་ལམ་ཤར་གཏོང་ཐུབ་པ། མཚོ་སྔོན་ཐོན་རྫས་ཀྱི་དོན་དངོས་དང་མཐུན་པའི་དམིགས་གསལ་དངུལ་བུན་ཐོན་རྫས་སྐོར་ཞིག་བཏོན་ཏེ་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ཐད་དངུལ་རྩའི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཟླ4ཚེས1ཉིན་ནས་བཟུང་། ཞིང་ཆེན་ཡོངས་སུ་རྩ་འཛུགས་བྱས་ཏེ་དམངས་གཉེར་དཔལ་འབྱོར་གྱི་དངུལ་རྩའི་ཞབས་ཞུའི་དྲིལ་སྒྲོག་སྐུལ་སྤེལ་ཟླ་བའི་བྱ་འགུལ་སྤེལ། བྱ་འགུལ་སྤེལ་བའི་ཚུན་ལ། དངུལ་ཁང་ལས་ཁུངས་སོ་སོས་དམངས་གཉེར་དཔལ་འབྱོར་ལ་བསྡོམས་པས་དངུལ་བུན་གན་རྒྱ་བཞག་ཚད་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔ་དང་བྱེ་བ་ལྔ་ས་ཡ་གཉིས་ལ་སླེབས།