སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། བདེ་འཇགས་དང་སྟབས་བདེ། ནུས་མཐོ། ལྗང་མདོག དཔལ་འབྱོར། དཀྱེལ་ཡངས། མཉེན་ཤུགས་བཅས་ལྡན་པའི་རྒྱུན་མཐུད་ཐུབ་པའི་འགྲིམ་འགྲུལ་མ་ལག་འཛུགས་སྐྲུན་བྱེད་པ་ནི། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་འདེགས་སྐྱོར་དང་། “འགྲོ་འོང་སྟབས་བདེ་དང་། དངོས་ཟོག་སྐྱེལ་འདྲེན་གེགས་མེད”ཡིན་པའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།
ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོར། རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བཞིན་ཡོད་པ་དང་། འགྲིམ་འགྲུལ་དྲ་བ་དང་གྲོང་ཁྱེར་ཁྱུ་ཚོགས། ཐོན་ལས་མུ་ཕྲེང་ཟུང་སྦྱོར་ཟབ་མོ་ཡོང་བར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱེད་ཐབས་རབ་དང་རིམ་པས་གནད་འཁེལ་ཤུགས་འདོན་བྱས་པ་དང་། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་ཕྱོད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་།
ཀོང་ཞི་རུ་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་རྐང་འཛིན་བཟོ་སྐྲུན་ཏེ་ཕིང་ལུའུ་མིས་བཟོས་གཙང་པོའི་བཟོ་སྐྲུན་མགྱོགས་མྱུར་ངང་སྤེལ་བཞིན་ཡོད། ཆི་ཧྲི་འགག་དང་ན་གཞོན་འགག་ཏུ་ཆུ་མེད་སྙོམས་སྒྲིག་ཚོད་ལྟའི་བྱ་བ་སྤེལ་བཞིན་ཡོད་པ་དང་། ཨར་ལས་མི་སྣས་གྲུ་འགག་གི་གཤེར་གནོན་དང་འཕྲུལ་གློག་སོགས་མ་ལག་མང་པོར་སྙོམས་སྒྲིག་ཚོད་ལྟ་ཐེངས་མང་བྱེད་བཞིན་ཡོད། སྔོན་དཔག་བྱས་ན་ཕིང་ལུའུ་མིས་བཟོས་གཙང་པོ་ད་ལོའི་ཟླ9པར་ཡོངས་སུ་ཤར་གཏོང་ཐུབ་རྒྱུ་རེད།
ཕིང་ལུའུ་མིས་བཟོས་གཙང་པོའི་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཁྲེང་ཡའོ་ཧྥེ་ཡིས་བཤད་རྒྱུར། མིག་སྔར་གྲུ་འགག་དང་། གྲུ་ལམ། ཟམ་པ། ཁོངས་གཏོགས་བཟོ་སྐྲུན་བཅས་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ཡོད། གྲུ་ལམ་ཤར་གཏོང་བྱས་རྗེས། དངོས་ཟོག་གང་སར་སྐྱེལ་ཐུབ་པ་དང་། ལམ་རྒྱུད་ཀྱི་ཐོན་ལས་གླིང་ཁུལ་དུ་ས་རྒྱ་ཆེ་རུ་བཏང་ནས། ཀོང་ཞི་དང་ལྷོ་ནུབ་ས་ཁུལ་གྱི་འཕེལ་རྒྱས་ལ་གོ་སྐབས་གསར་པ་ཞིག་འཁྱེར་ནས་ཡོང་ཟེར།
འགོ་རྩོམ་པའི་ལོར། ཕིང་ལུའུ་མིས་བཟོས་གཙང་པོས་མཚོན་པའི་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་གྱི་གཙོ་གནད་ལས་གཞི་མང་པོ་ཞིག་ཚད་བརྒལ་མང་ཙམ་བྱུང་།
འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱི་འགྲིམ་འགྲུལ་དངུལ་གཏོང་གི་གཞི་ཁྱོན་གྱིས་མཐོ་གནས་རྒྱུན་འཁྱོངས་བྱས་ཡོད་པ་དང་། འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲག་ཁྲིག་དྲུག་ཐེར་ཆེན་ལྔ་ཐེར་འབུམ་གཅིག་དུང་ཕྱུར་དགུ་བཏང་།
འགྲིམ་འགྲུལ་ནི་རྒྱལ་ཁབ་དར་རྒྱས་གཏོང་བའི་དགོས་མཁོ་དང་། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་རྨང་གཞི་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་གནང་སྟེ། དངོས་སུ་རི་མོ་འབྲི་བ་དང་ དངོས་སུ་བཀོད་སྒྲིག་གནང་བ། དངོས་སུ་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་གྱི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། འགྲིམ་འགྲུལ་སྐྱེལ་འདྲེན“ཀྲུང་གོའི་དེང་རབས་ཅན་གྱི་ལམ་འབྱེད་གདོང་ལེན”པར་ངོས་འཛིན་བྱས། “འགྲོ་འོང་སྟབས་བདེ་དང་། དངོས་ཟོག་སྐྱེལ་འདྲེན་གེགས་མེད”ཅེས་པའི་ཕུགས་འདུན་བཟང་པོ་བཏོན་ཡོད། དུས་རབས་གསར་པའི་འཕེལ་རྒྱས་ཀྱི་བླང་བྱར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལེགས་པོ་བྱེད་དགོས་པ་དང་། སྔར་ལས་དོ་དམ་ལེགས་པོ་དང་། སྲུང་སྐྱོབ་ལེགས་པོ། གཉེར་སྐྱོང་ལེགས་པོ་བཅས་བྱས་ནས། རྒྱ་ཆེའི་རོང་འབྲོག་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་དེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་འགན་སྲུང་སྔར་ལས་ལེགས་པོ་བྱེད་དགོས། ཁོང་གིས་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་ས་ཁྲ་ནི་རི་མོ་ཞིག་དང་མཚུངས་སྟེ། ཀྲུང་གོའི་དབུས་ཁུལ་དང་ཤར་རྒྱུད། བྱང་ཤར་ས་ཁུལ་བཅས་ཚང་མ་ནི་སྨྱུག་བྲིས་རི་མོ་ཡིན་ཞིང་། ནུབ་རྒྱུད་དུ་ཚོན་མདོག་དཀར་པོ་མང་བས། མ་འོངས་པ་ན་ཚོན་མདོག་གཞན་ཁ་གསབ་བྱས་ནས། རབ་མཛེས་ཀྲུང་གོའི་འགྲིམ་འགྲུལ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱེད་དགོས་ཞེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོས་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། རང་ངོས་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན་བྱེད་བཞིན་ཡོད་པ་བསྟན།
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ཕྱོགས་བསྡུས་སྐྱེལ་འདྲེན་ཞིབ་འཇུག་སའོ་ཡི་སའོ་ཀྲང་གཞོན་པ་ཞེ་ཡུས་རུང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ཐད་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་གནང་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་འགྲིམ་འགྲུལ་སྐྱེལ་འདྲེན་དེ་འཛམ་གླིང་གི་ཆུ་ཚད་མཐོ་ཤོས་སུ་སླེབས་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་གཏིང་ཟབ་ཏུ་བཏང་ནས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་སྤྱི་ཚོགས་དམངས་འཚོ་ལེགས་གཏོང་ལ་སྔར་ལས་འདེགས་སྐྱོར་ནུས་ལྡན་བྱས།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་དུ་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་བསྐྲུན་ཏེ། དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་ཚང་དུ་གཏོང་དགོས་པ་བསྟན། “གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་གྱི་བགྲོད་ལམ་གཙོ་བོ་དང་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བ་གཞི་རྩའི་ཆ་ནས་བསྐྲུན་ཚར་བ་དང་། ནང་ཁུལ་ཆུ་བོའི་མཐོ་རིམ་གྲུ་ལམ་གྱི་སྤུས་ཚད་རིམ་སྤོར་ལ་སྐུལ་འདེད་དང་། འཛམ་གླིང་རིམ་པའི་གྲུ་ཁའི་ཁྱུ་ཚོགས་དང་གནམ་གྲུ་ཐང་ཁྱུ་ཚོགས་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་། སྤྱིར་བཏང་མྱུར་བགྲོད་ལྕགས་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དཀྱུས་མ་རིམ་སྤར་བསྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་དགོས། དམིགས་ཚད་ལ་དམ་པོར་དམིགས་ནས། འགོ་རྩོམ་པའི་ལོར། གནད་འཁེལ་ནུས་མཐོའི་འགུལ་སྤྱོད་རབ་དང་རིམ་པ་མགྱོགས་མྱུར་ངང་ལག་བསྟར་བྱེད་བཞིན་ཡོད།
ཉིན་འདི་དག་གི་རིང་ལ། “གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་གྱི་པེ་ཅིང་ནས་ཞང་ཀང་བར་གྱི་གྲུ་ཁའི་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཏེ། ཞུང་ཨན་ནས་ཧྲང་ཆིའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱིས་མཉམ་འབྲེལ་སྙོམས་སྒྲིག་དང་ཚོད་ལྟ་བྱེད་བཞིན་ཡོད་། ད་ལོ་ནས་བཟུང་། མཚོ་རྒྱུད་བགྲོད་ལམ་ཐེན་ཅིན་ནས་ཝུའེ་ཧྥང་བར་དང་། ཝུན་ཀྲོའུ་ནས་ཧྥུའུ་ཀྲོའུ་བར་གྱི་ལམ་དུམ། ཧུའུ་ཧོ་ཧའོ་ཐེ་ནས་ནན་ཉིང་བགྲོད་ལམ་དབྱི་ཁྲང་ནས་ཁྲང་ཏེ་བར་གྱི་ལམ་དུམ། པེ་ཅིང་ནས་ཁུན་མིང་བར་གྱི་བགྲོད་ལམ། ཞི་ཨན་ནས་ཁྲུང་ཆིང་བར་དང། དབྱི་པིན་ནས་ཁུན་མིང་བར་གྱི་ལམ་དུམ་སོགས་འཛུགས་སྐྲུན་ཇེ་མྱུར་དུ་གཏོང་བཞིན་ཡོད།
རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་འཕེལ་རྒྱས་བཅོས་སྒྱུར་པུའུ་ལས་གཞི་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀུའོ་ཁྲུན་ཅང་གིས་བཤད་རྒྱུར།
མིག་སྔའི་བར། “གཞུང་བརྒྱད་འཕྲེད་བརྒྱད”ཀྱི་བགྲོད་ལམ་གཙོ་བོ84%འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་ཤར་གཏོང་བྱས་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། ང་ཚོས་འཐབ་ཇུས་ཀྱི་བགྲོད་ལམ་གཙོ་བོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུབ་རྒྱུད་གཙོ་གནད་ས་ཁུལ་གྱི་ལྕགས་ལམ་ཁ་གསབ་བྱེད་པ་ཇེ་ཉུང་དུ་བཏང་སྟེ། ཡོངས་ཁྱབ་མྱུར་ཚད་ཀྱི་མི་འདང་ས་ཁ་གསབ་དང་། གྲོང་ཁྱེར་ཚོམས་ཀྱི་ལྕགས་ལམ་འགྲིམ་འགྲུལ་འཕེལ་རྒྱས་བཏང་སྟེ། གཞི་གཅིག་ཏུ་སྦྲེལ་བའི་དེང་རབས་ཅན་གྱི་འགག་རྩའི་མ་ལག་བསྐྲུན་རྒྱུ་ཡིན།
རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བའི་སྒྲོམ་གཞི་གཙོ་བོ་འཐུས་ཚང་དུ་བཏང་། ས་གནས་སོ་སོས་སྐོར་ཐེངས་གསར་པའི་ཞིང་སྡེའི་གཞུང་ལམ་མཐོ་རུ་གཏོང་བའི་འགུལ་སྐྱོད་སྤེལ་བཞིན་ཡོད། ཧུའུ་ནན་གྱིས་ཞིང་སྡེའི་གཞུང་ལམ་རྒྱ་བསྐྱེད་པའི་བསྒྱུར་བཀོད་ལ་སྐུལ་འདེད་བཏང་བ་དང་། སི་ཁྲོན་གྱིས་བཀོལ་སྤྱོད་ཀྱི་དུས་ཡུན་བརྒལ་བ་དང་ལམ་ངོས་ཀྱི་གནས་ཚུལ་ཞན་པའི་ལམ་རྙིང་བ་ཆེད་དོན་དག་ཐེར་བྱས་པ་བརྒྱུད། ནུས་ཤུགས་ཡོད་རྒུས་ག་ས་གང་དུ་ལམ་ཤར་གཏོང་ཐུབ་པར་བྱས།
གཞན་ཡང་། དྲ་རྒྱས་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་བླངས་ཡོད། ད་ལོའི་ལོ་མཇུག་ཏུ། པེ་ཅིང་དང་ཧོ་པེ་ས་ཁུལ་གཉིས་ལས་བརྒལ་ནས། གཅིག་གྱུར་འཛུགས་སྐྲུན་འཁོར་གཉེར་བྱེད་པའི་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་དང་པོ་སྟེ། པེ་ཅིང་ས་འོག་ལྕགས་ལམ་གྱི་ལམ་ཐིག་ཨང་རྟགས22པ་སྔོན་དཔག་བྱས་པ་ལྟར་ན་ཤར་གཏོང་ཐུབ་པའི་ཆ་རྐྱེན་སྤྱིའི་ཆ་ནས་འཛོམས་ཡོད། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཚོམས་སུ་དུས་ཚོད་གཅིག་ནང་ཐོན་པའི་མི་གྲངས་ཀྱི་བསྡུར་ཚད་ད་ལོ་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད།
འགྲུལ་སྐྱེལ་ལམ་ཐིག་གཅིག་ཏུ་སྦྲེལ་ནས་དྲ་བ་ཆགས་པའི་དུས་མཚུངས་སུ། ཟོང་འདྲེན་བགྲོད་ལམ་ཡང་མགྱོགས་མྱུར་ངང་དྲ་བ་ཆགས་བཞིན་ཡོད། རྒྱལ་ཡོངས་ལ་བལྟས་ན། སྐྱེལ་འདྲེན་བྱེད་སྟངས་ཇེ་མགྱོགས་སུ་གཏོང་བཞིན་ཡོད། ལྕགས་ལམ་དང་ཆུ་ལམ། གཞུང་ལམ་དང་ལྕགས་ལམ། གཙང་པོ། མཁའ་འགྲུལ་དང་སྐམ་སའི་མཉམ་འདྲེན་བཅས་དཔུང་གཤིབ་མཉམ་སྐྱོད་བྱེད་བཞིན་ཡོད། ཐེན་ཅིན་གྱི་ནན་ཀང་དང་། ཅང་སུའུ་ཡི་ཐའེ་ཀྲོའུ་གྲུ་ཁ། ཨན་ཧུའེ་ཡི་ཐུང་ལིན་གྲུ་ཁ་སོགས་ལྕགས་ལམ་གྱི་ཆེད་སྤྱོད་ལམ་བུ་རེ་རེ་བཞིན་གང་མགྱོགས་སྒོས་འཛུགས་སྐྲུན་བྱས་ཏེ། སྦྲེལ་མཐུད་སྐྱེལ་འདྲེན་ཤར་གཏོང་ཐུབ་ཆེད“ཆེས་མཐའ་མཇུག་གི་སྤྱི་ལེ”ཤར་གཏོང་བྱས།
འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཕྱོགས་བསྡུས་འཆར་འགོད་སིའི་སི་ཀྲང་གཞོན་པ་རུང་ཞུའེ་ཝུན་གྱིས་བཤད་རྒྱུར།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་དྲ་བ་གསབ་སྦྲེལ་གྱི་འགག་སྒྲོལ་དུས་སྐབས་ཡིན་པ་མ་ཟད། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དེ་བཀོད་སྒྲིག་ནས་འཕེལ་ཕྱོགས་སུ་འགྱུར་བའི་གནད་འགག་གི་ལོ་ལྔའང་ཡིན། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ“འཁོར་མདའ6དང་། ཁྱམས་ར་བདུན། བགྲོད་ལམ་བརྒྱད”བཅས་ཀྱི་སྒྲོམ་གཞི་གཙོ་བོ་བསྐྲུན་ཚད90%ནས95%ཡན་བར་མཐོ་རུ་བཏང་པས། དུས་ཚོད་གཅིག་ནང་ཤར་གཏོང་ཐུབ་པ་དང་། གྲོང་ཁྱེར་ཁྱུ་ཚོགས་སུ་དུས་ཚོད་གཉིས་ཀྱི་ཤར་གཏོང་ཐུབ་པ། གྲོང་ཁྱེར་གཙོ་བོར་དུས་ཚོད་གསུམ་གྱིས་ཁྱབ་པ་བཅས་ཀྱི“རྒྱལ་ཡོངས་ཀྱི123འགྲོ་འོང་འགྲིམ་འགྲུལ་ས་ཁུལ”བསྐྲུན་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་བརྩམས་པའི་ལོར། ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བའི་འཆར་གཞི་དེ་དོན་དངོས་ཀྱི་དམངས་འཚོའི་ཐོབ་སྣང་དུ་འགྱུར་བཞིན་ཡོད། མིག་སྔའི་བར། རང་རྒྱལ་གྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བའི་སྤྱིའི་ལམ་ཚད་སྤྱི་ལེ་ས་ཡ་དྲུག་ལས་བརྒལ་ནས། གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད། རྒྱལ་ཡོངས་སུ་ཉིན་རེར་མྱུར་བགྲོད་གཞུང་ལམ་ཐོག་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཧ་ལམ་བྱེ་བ་གསུམ་ཤར་གཏོང་བྱེད་ཀྱིན་ཡོད་པ་དང་། མྱུར་བགྲོད་ལྕགས་ལམ་གྱིས་ཧ་ལམ་འགྲུལ་པ་མི་ཐེངས་བྱེ་བ་གཅིག་སྐྱེལ་འདྲེན་བྱེད་ཀྱིན་ཡོད། དམངས་སྤྱོད་མཁའ་འགྲུལ་གྱིས་མི་ཐེངས་ས་ཡ་གཉིས་སྐྱེལ་འདྲེན་བྱེད་ཀྱིན་ཡོད། རྒྱལ་ཡོངས་སུ་ཆ་སྙོམས་ཀྱིས་ཉིན་རེར་མྱུར་སྐྱེལ་དངོས་ཟོག་དུང་ཕྱུར་ལྔ་བྱེ་བ་ལྔ་ཡོད། སྔར་ལས་ཤར་གཏོང་ཐུབ་པ་དང་སྔར་ལས་ནུས་ལྡན་གྱི་རྒྱལ་ཁབ་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་ཞིག་ཀྲུང་གོའི་ས་གཞི་ཆེན་མོའི་སྟེང་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད།