ཚོང་དོན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱི་ལག་རྩལ་མཐོ་བའི་ཐོན་ལས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་དེ་ན་ནིང་གི་དུས་མཉམ་ལས་མངོན་གསལ་གྱིས་འཕར་བ་དང་རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་པའི་ཁྲོད་བཟུང་བའི་བསྡུར་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད།
ད་ལོའི་ཟླ1པོ་ནས3པའི་བར། རྒྱལ་ཡོངས་སུ་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས13987གསར་དུ་བཙུགས་པ་དེ་དུས་མཉམ་ལས་11%འཕར། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་དམངས་སྒོར་ཁྲག་ཁྲིག་གཉིས་ཐེར་ཆེན་བཞི་ཐེར་འབུམ་དགུ་དུང་ཕྱུར་དྲུག་ཟིན་ཡོད།
ལས་རིགས་ཀྱི་ངོས་ཐད་ནས་བལྟས་ན། བཟོ་སྐྲུན་ལས་རིགས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་ཚད་དམངས་སྒོར་ཐེར་ཆེན་བདུན་ཐེར་འབུམ་གཅིག་དུང་ཕྱུར་བཞི་བྱེ་བ་དྲུག་ཟིན་པ་དང་། ཞབས་ཞུའི་ལས་རིགས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་ཚད་དམངས་སྒོར་ཁྲག་ཁྲིག་གཅིག་ཐེར་ཆེན་བདུན་ཐེར་འབུམ་བཞི་དུང་ཕྱུར་དྲུག་ཟིན་ཡོད། ལག་རྩལ་མཐོ་བའི་ཐོན་ལས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་དམངས་སྒོར་ཁྲག་ཁྲིག་གཅིག་ཐེར་འབུམ་གཉིས་དུང་ཕྱུར་བདུན་བྱེ་བ་གསུམ་བེད་སྤྱོད་བྱས། ན་ནིང་གི་དུས་མཉམ་ལས30.7%འཕར་བ་དེས་རྒྱལ་ཡོངས་ཀྱིས་དངོས་སུ་སྤྱད་པའི་ཕྱི་རྒྱལ་གྱི་མ་དངུལ་གྱི41.2%བཟུང་ཡོད། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་གྲངས་གནས12འཕར་ཡོད། དེའི་ནང་ཞིབ་འཇུག་གསར་སྤེལ་དང་ཇུས་འགོད་ཞབས་ཞུ། རྩིས་འཁོར་དང་གཞུང་ལས་སྒྲིག་ཆས་བཟོ་སྐྲུན་ལས་རིགས། གློག་རྡུལ་དང་འཕྲིན་གཏོང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་སོ་སོར127.8%དང་། 88.1%། 23.8%བཅས་་འཕར་ཡོད། འབྱུང་ཁུངས་ནས་བལྟས་ན། སུའེ་ཙེར་དང་ཧྥ་རན་སེ་སོགས་རྒྱལ་ཁབ་ཀྱིས་ཀྲུང་གོར་མ་འཇོག་བྱེད་ཚད་མགྱོགས་པོར་འཕར་ཡོད།
ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་འཛམ་གླིང་དཔལ་འབྱོར་དང་ཆབ་སྲིད་ཞིབ་འཇུག་སའོ་རྒྱལ་སྤྱིའི་མ་འཇོག་ཁང་གི་ཀྲུའུ་རེན་གཞོན་པ་ཕན་ཡོན་ཡོན་གྱིས་བཤད་རྒྱུར། དུས་ཚིགས་དང་པོའི་གཞི་གྲངས་ལྟར་ན། རང་རྒྱལ་གྱི་མ་དངུལ་ནང་འདྲེན་གྱི་གྲུབ་ཆ་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་ཡོད། ལག་རྩལ་མཐོ་བའི་ཐོན་ལས་ཀྱིས་མ་དངུལ་ནང་འདྲེན་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་དང་། བསྡོམས་འབོར་གྱིས་རྒྱལ་ཡོངས་སུ་དངོས་སུ་སྤྱད་པའི་ཕྱི་དངུལ་བསྡོམས་འབོར་གྱི་བརྒྱ་ཆའི་བཞི་བཅུ་ལས་བརྒལ་ནས། རང་རྒྱལ་གྱི་ཕྱི་རྒྱལ་གྱི་མ་དངུལ་བརྟན་པོའི་ངང་འཕར་བའི་དཀྱིལ་སྙིང་དུ་གྱུར་ཡོད།