མཚོ་སྔོན་གྱི་སྐྱེ་དངོས་སྨན་རྫས་དང་སྨན་བཅོས་ཐོན་ལས་རྩེ་གྲའི་ཕྱོགས་སྟོན་སྙན་ཞུ་འགྲེམ་སྤེལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཤེས་བྱའི་ཐོན་དབང་ཅུས་ཀྱིས་ཟི་ལིང་དཔལ་འབྱོར་གསར་སྤེལ་ཁུལ་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་གྱི་ཐོན་རྫས་སྤུས་ཚད་ལྟ་ཞིབ་ཚད་ལེན་ཁང་ལ་མཉམ་འབྲེལ་བྱས་ཏེ། ཟི་ལིང་དུ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་དངོས་སྨན་རྫས་དང་སྨན་བཅོས་སྒྲིག་ཆས་ཐོན་ལས་རྩེ་གྲའི་ཆེད་ཁེ་ཕྱོགས་སྟོན་དབྱེ་ཞིབ་སྙན་ཞུའི་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་། ཆེད་ལས་ཅན་གྱི་ཆེད་ཁེའི་ཕྱོགས་སྟོན་ཞབས་ཞུ་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་དངོས་སྨན་རྫས་དང་སྨན་བཅོས་སྒྲིག་ཆས་ཀྱི་མུ་ཕྲེང་ཧྲིལ་བོའི་ཐོན་ལས་ཀྱི་སྤུས་འདེགས་རིམ་སྤོར་དང་གསར་གཏོད་རིམ་སྤར་ལ་གནད་འཁེལ་གྱིས་སྟོབས་ནུས་བསྩལ།

སྙན་ཞུ་དེས་མཐོ་སྒང་གི་དམིགས་བསལ་ཆེད་སྤྱོད་སྨན་རྫས་ཀྱི་སྲོག་ཆགས་སྐྱེ་དངོས་ཀྱི་ཐོན་ཁུངས་དང་ནད་ཐོག་དགོས་མཁོ། སྐྱེ་ཁམས་ངེས་གནས་བཅས་ལ་དམིགས་ནས། ཆེད་ཁེའི་གཞི་གྲངས་ཆེན་མོས་ཕྱོགས་ཡོངས་ནས་གོ་ལ་ཧྲིལ་བོ་དང་རྒྱལ་ཡོངས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་དངོས་སྨན་རྫས་དང་སྨན་བཅོས་སྒྲིག་ཆས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དང་འགྲན་རྩོད་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། མཚོ་སྔོན་གྱི་ཐོན་ལས་སྒྲིག་གཞི་དང་ལག་རྩལ་གསར་གཏོད། ཁེ་ལས་གསར་སྤེལ། འཇོན་མི་གསོག་འཇོག ཆེད་ཁེ་འཁོར་རྒྱུག་དང་མཐུན་སྦྱོར་གསར་གཏོད་སོགས་ཐད་ཀྱི་གནད་འཁེལ་ངེས་གནས་གཏན་འཁེལ་གསལ་བོ་བྱས་པར་མ་ཟད། དམིགས་གཏད་རང་བཞིན་གྱིས་ཐོན་ཁུངས་དགེ་མཚན་ཚུལ་སྒྱུར་གསར་གཏོད་དང་ཁྱད་ལྡན་མ་རྒྱུའི་སྨན་རྫས་མཉམ་སྤྱོད་ཀྱི་ཆེད་ཁེའི་རྣམ་པའི་ཐབས་ལམ་བཏོན་ནས། བོད་སྨན་མཉམ་འབྲེལ་རྣམ་པའི་ཁེ་ལས་སྐྱེད་སྲིང་ཐབས་ལམ་བསྐྲུན་པ་དང་། མཐོ་སྒང་གསོ་རིག་གིས་གསར་གཏོད་ལྟེ་གནས་ལ་མཉམ་འབྲེལ་བྱེད་པའི་གསར་གཏོད་འཕེལ་རྒྱས་ཀྱི་ཐབས་ལམ་མཉམ་དུ་བསྐྲུན།

སྒྲོག་སྤེལ་ཚོགས་འདུའི་སྟེང་སྐྱེ་དངོས་སྨན་རྫས་དང་ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་ཁེ་ལས་ཀྱི་འཐུབ་ཚབ་པ་གདན་ཞུ་བྱས་ནས་བརྗེ་རེས་བྱས་པ་དང་། ཁེ་ལས་ཀྱི་ཆེད་ཁེའི་རྣམ་པ་དང་གསར་སྐྲུན། ཚུལ་སྒྱུར་སོགས་ཕྱོགས་ཀྱི་རེ་འདུན་དང་ལེན་བྱས་ཏེ། ཁེ་ལས་ཀྱི་ཤེས་བྱའི་ཐོན་དབང་གི་མུ་ཕྲེང་ཧྲིལ་བོའི་བྱ་བའི་ཁྲོད་ཀྱི་དཀའ་གནད་འགག་གནད་ཐག་གཅོད་བྱས། དེ་དང་མཉམ་དུ། དངུལ་ཁང་དང་ཁེ་ལས་ཀྱིས་སྦྲེལ་མཐུད་ལས་རིམ་བཀོད་སྒྲིག་བྱས་པ་དང་། ཆེད་ཁེ་དངུལ་བསྡུ་དང་ཆེད་ཁེ་འགན་བཅོལ་སོགས་ཀྱི་དངུལ་རྩའི་ཞབས་ཞུ་འོས་སྦྱོར་བྱས་ནས། ཁེ་ལས་ཀྱིས་ཆེད་ཁེའི་རིན་ཐང་དེ་ཁྲོམ་རའི་འགྲན་རྩོད་ནུས་ཤུགས་སུ་བསྒྱུར་བར་རོགས་ཤུགས་བཏོན།

མཚོ་སྔོན་གྱིས་ཐོན་ལས་ཀྱི་གནས་བཞི་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་རྐང་བཙུགས་ཤིང་། ལྗང་མདོག་སྐྱེ་ཁམས་འཕེལ་རྒྱས་ཀྱི་འདུ་ཤེས་ལ་དམ་པོར་དམིགས་པ་དང་། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་ལྗང་གློག་ལྗང་རྩིས། བོད་སྨན་སོགས་གཙོ་གནད་ཐོན་ལས་ལ་གཞིགས་ཏེ། ཆེད་ཁེའི་ཕྱོགས་སྟོན་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་ཀྱི་འདེགས་སྐྱོར་བྱེད་ནུས་བསྟུད་མར་འདོན་སྤེལ་བྱེད་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་པ། གསར་གཏོད་ཀྱི་གསོན་ཤུགས་བསྐྱེད་པ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།