རང་རྒྱལ་གྱི་ནུས་ཁུངས་མཁོ་སྤྲོད་འགན་སྲུང་སྟོབས་དང་ལྡན་ལ། ནུས་ཁུངས་བདེ་འཇགས་ཀྱི་མཉེན་ཤུགས་བསྟུད་མར་ཆེ་རུ་གྱུར།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྒྱལ་ཁབ་ནུས་ཁུངས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ད་ལོའི་ཚུན་ལ། རང་རྒྱལ་གྱི་ནུས་ཁུངས་ཐོན་སྐྱེད་བརྟན་པོའི་ངང་འཕར་བ་དང་། ནུས་ཁུངས་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བཞིན། ནུས་ཁུངས་བདེ་འཇགས་ཀྱི་མཉེན་ཤུགས་བསྟུད་མར་ཆེ་རུ་གྱུར།

གཞི་གྲངས་གསར་བ་ལྟར་ན། ཟླ3པའི་ཟླ་མཇུག་བར་དུ། རྒྱལ་ཡོངས་ཀྱིས་བསྡོམས་པས་གློག་སྟོང་ཝ་ཐེར་འབུམ་གསུམ་དུང་ཕྱུར་དགུ་དང་བྱེ་བ་དྲུག་བཏོན་ཏེ། ན་ནིང་གི་དུས་མཉམ་ལས15.5%འཕར། ཧ་ལམ་སྟོང་ཝ་ཐེར་འབུམ་བཞི་ཙམ་གྱི་གཞི་ཁྱོན་དེ་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། འཛམ་གླིང་སྤྱིའི་གློག་འདོན་ཚད་ཀྱི་སུམ་ཆའི་གཅིག་ལ་ཉེ་བ་ཟིན་ཡོད།

སྒྲིག་འཇུག་གི་ཚད་བསྟུད་མར་གོང་དུ་འཕར་བ་ལས་གཞན། རང་རྒྱལ་གྱི་ནུས་ཁུངས་མཁོ་སྤྲོད་ཀྱི་གྲུབ་ཆའང་ཇེ་ལེགས་སུ་འགྱུར་བཞིན་ཡོད། དུས་ཚིགས་དང་པོར། གཞི་ཁྱོན་ཡན་གྱི་བཟོ་ལས་ཆུ་གློག་དང་ཉིང་རྡུལ་གློག་འདོན། རླུང་གློག ཉི་གློག་སོགས་ནུས་ཁུངས་གཙང་མའི་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་ཁྲག་ཁྲིག་བདུན་ཡོད་ཅིང་། ན་ནིང་གི་དུས་མཉམ་ལས2.8%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་གློག་འདོན་ཚད་ཀྱི33.2%ཟིན། ཟླ3པའི་ཟླ་མཇུག་བར་དུ། རང་རྒྱལ་གྱི་རླུང་གློག་དང་ཉི་གློག་གི་གློག་འདོན་ཚད་སྟོང་ཝ་ཐེར་འབུམ་གཅིག་དུང་ཕྱུར་དགུ་ལ་སླེབས།

ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་བསྡོམས་རྩིས་དང་གྲངས་རིག་པུའུ་ཡི་ཀྲུའུ་རེན་ཧོའུ་ཝུན་ཅེ་ཡིས་བཤད་རྒྱུར། རང་རྒྱལ་གྱི་གསར་དུ་བསྣན་པའི་གློག་འདོན་འཕྲུལ་འཁོར་ནང་དུ། རླུང་གློག་དང་འོད་རྟེན་སོགས་སླར་སྐྱེ་ནུས་ཁུངས་ཀྱིས70%ཡས་མས་ཟིན་ཡོད། གསར་དུ་བསྣན་པའི་གློག་འདོན་འཕྲུལ་འཁོར་ནང་སུམ་ཆའི་གཉིས་ཡན་ནི་ནུས་ཁུངས་གཙང་མ་རེད་ཟེར་ཆོག ང་ཚོའི་ནུས་ཁུངས་ཀྱི་རྨང་གཞི་སྔར་ལས་བརྟན་པ་དང་སྔར་ལས་གཙང་མར་གྱུར་ཡོད་ཟེར།

དེ་དང་ཆབས་ཅིག་ཏུ། ནུས་ཁུངས་འཛད་སྤྱོད་གྲུབ་ཆ་ཡང་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྱུར་བཞིན་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གཞི་གྲངས་ལྟར་ན། རགས་རྩིས་ཁྲོད། དུས་ཚིགས་དང་པོའི་ནུས་ཁུངས་འཛད་སྤྱོད་སྤྱི་འབོར་ན་ནིང་གི་དུས་མཉམ་ལས3.9%འཕར་བ་དང་། འཕར་ཚད་ལོ་སྔོན་མ་ལས་བརྒྱ་ཆའི་གྲངས་གནས0.4ཡིས་ཇེ་མགྱོགས་སུ་སོང་། རྫས་འགྱུར་དང་རྡོ་སྣུམ་མིན་པའི་ནུས་ཁུངས་ཀྱི་འཛད་སྤྱོད་སྤྱི་འབོར་གྱི་བསྡུར་ཆའི་ཟིན་ཚད་རྒྱུན་མཐུད་ངང་ཇེ་མཐོར་སོང་བ་དང་། ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་གྲངས་གནས0.4ཇེ་མཐོར་གྱུར། གློག་ཤུགས་གཙང་མའི་ཐོན་སྐྱེད་དང་ནུས་ཁུངས་ལྗང་མདོག་འཛད་སྤྱོད་ཐད་དུས་མཉམ་འཕར་སྣོན་མངོན་འགྱུར་བྱུང་སྟེ། གློག་ཤུགས་ཅན་དུ་འགྱུར་ཚད་བརྟན་འཇགས་ངང་ཇེ་མཐོར་འགྲོ་བར་སྐུལ་ཁྲིད་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།