ཟླ4པའི་ཚེས22ཉིན། མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་སྤྱི་ཚོགས་ཕན་བདེ་ལྟེ་གནས་སུ། མེ་ཟོན་ལྟ་སྐུལ་པས་སྒྲིག་གཞི་འདིའི་སྒྲིག་བཀོད་ལ་སྒྲིག་ཆས་རྙིང་འགྱུར་གྱི་གནད་དོན་དངོས་སུ་གནས་པ་ཤེས་རྟོགས་བྱུང་ནའང་། མེ་ཟོན་སྐོར་ཞིབ་ཟིན་ཐོ་ཐོག་མཐའ་བར་གསུམ་དུ“ཚད་ལྡན”ཡིན་ཞེས་བྲིས་ཡོད་སྟབས། འབྲེལ་ཡོད་ལས་བྱེད་མི་སྣར་གནད་དོན་བཅོས་སྐྱོང་བྱས་པའི་གནས་ཚུལ་ཇི་མ་ཇི་བཞིན་ཟིན་ཐོར་འགོད་དགོས་པའི་བླང་བྱ་བཏོན།
ལོ་ལོན་གྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་ནན་མོ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་གནད་དོན་མངོན་གསལ་ཅན་གྱི་ཆེད་དོན་བཅོས་སྐྱོང་བཀོད་སྒྲིག་དོན་འཁྱོལ་བྱེད་ཆེད། ཞིང་ཆེན་དམངས་སྲིད་ཐིང་དང་། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་བཅས་ཀྱིས་མཉམ་འབྲེལ་སྒོས་ཟླ4པའི་ཚེས1ཉིན་ནས་ཟླ6པའི་ཚེས30ཉིན་བར་དུ། ཞིང་ཆེན་ཡོངས་སུ་རྒན་གསོའི་སྒྲིག་གཞིའི་བདེ་འཇགས་དོ་དམ་གྱི“ཉིན་བརྒྱའི་མཁྲེགས་གཏོར”བྱ་སྤྱོད་དངོས་སུ་སྤེལ་རྒྱུ་རེད།
ད་ཐེངས་ཀྱི་བྱ་སྤྱོད་འདི་ཞིང་ཆེན་ཡོངས་ཀྱི་ཁྲིམས་ལྟར་ཐོ་འགོད་སྙན་ཞུ་འབུལ་དགོས་པའི་རྒན་གསོའི་སྒྲིག་གཞི་ཚང་མར་ཁྱབ་ཡོད་པ་དང་། གཙོ་བོ་གཉེར་སྐྱོང་ལོ་ཡུན་རིང་བ་དང་སྒྲིག་བཀོད་རྙིང་ཞན་ཡིན་པ། ས་གཤིས་གནོད་འཚེ་ཡི་ཉེན་ཁ་ཆེ་བའི་ས་ཁུལ་དུ་གནས་པ། དེ་བཞིན2025ལོར་ཆེད་དོན་བཅོས་སྐྱོང་བྱས་རྗེས་དེར་བསྟུན་གྱི་གནད་དོན་ཅུང་མང་བའི་སྒྲིག་གཞི་བཅས་ལ་དམ་པོར་དམིགས་ཏེ། བདེ་འཇགས་གྲལ་བཤེར་གྱིས་ཡོངས་སུ་ཁྱབ་པར་བྱེད་པ་དང་། རྐྱེན་ངན་གནད་དོན་ཡོངས་སུ་གསལ་རྗེན་དུ་སྟོན་པ། བཅོས་སྒྲིག་བཅོས་སྐྱོང་བྱེད་དུས་ཡོངས་སུ་བཀག་སྡོམ་བྱེད་པ་བཅས་ལ་འབད་མཐར། བདེ་འཇགས་ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་གཅིག་ཀྱང་མི་འབྱུང་བར་ཁག་ཐེག་བྱ་རྒྱུ་རེད།
བཅོས་སྐྱོང་ལས་སྒོ་དངོས་སུ་སྤེལ་འགོ་བརྩམས་པ་ནས་བཟུང་། ས་གནས་སོ་སོས་དུས་གཅིག་ཏུ་གྲལ་བཤེར་བྱས་པ་རེད། མེ་ཟོན་བདེ་འཇགས་བཅོས་སྐྱོང་བྱེད་སྐབས། སྒྲིག་འགལ་ངང་འབར་སླ་ཞིང་འབར་ཐུབ་པའི་ཚོན་ལྡན་ལྕགས་ལེབ་སྤྱོད་པ་དང་། མེ་ཟོན་སྒྲིག་བཀོད་མེད་པ་དང་ཡང་ན་སྒྲིག་བཀོད་དུས་ལས་ཡོལ་ཟིན་པ། གློག་ཤུགས་སྐུད་ལམ་སྒེར་ངོས་ནས་གང་བྱུང་དུ་འཐེན་པ་དང་མཐུད་པ། མེ་ཟོན་བགྲོད་ལམ་འགག་པ། མེ་ཟོན་ཚོད་འཛིན་ཁང་གི་ལས་རེས་འཁོར་སྟངས་ལ་ཆད་ལུས་ཡོད་པ། ཐབ་ཚང་གི་གཤེར་རླངས་གློག་ཤུགས་ཅན་དུ་བསྒྱུར་བཀོད་བྱས་མེད་པ། སྨན་བཅོས་དང་ཁམས་གསོ་ཟུང་འབྲེལ་ས་ཁོངས་སུ་དངོས་ལུགས་ལོགས་བཀར་གྱི་གནས་མེད་པ་བཅས་རིགས་བདུན་གཙོ་གནད་དུ་བཟུང་ཡོད། མེ་ཟོན་སྡེ་ཁག་གིས“སྒྲིག་གཞི་གཅིག་ལ་གསལ་ཐོ་གཅིག་རེ”ཡི་ཚད་གཞི་གཞིར་བཟུང་ནས། འགལ་རྐྱེན་ཅི་རིགས་ཀྱི་ཞིབ་ཐོ་བཟོས་སྟེ། དམངས་སྲིད་སྡེ་ཁག་ལ་ཡི་གེ་བསྐུར་ནས་གསལ་བཤད་བྱས་པར་མ་ཟད། བཅོས་སྒྲིག་བྱ་རྒྱུར་མཛུབ་སྟོན་བྱས་ཏེ། འགལ་རྐྱེན་ངན་པ་ཚབས་ཆེན་བཅའ་ཁྲིམས་ཀྱི་དུས་བཅད་ནང་བཅོས་སྒྲིག་བྱ་རྒྱུ་རེད།
ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགན་འཁུར་པས་བཤད་རྒྱུར། གོ་རིམ་རྗེས་མར། རྒྱུན་རྣམ་ཅན་གྱི་འགལ་རྐྱེན་ངན་པ་ཅི་རིགས་བཅོས་སྒྲིག་བྱེད་ཀྱིན་པར“ཕྱིར་རྟོག”བྱས་ནས། བཅོས་སྒྲིག་བྱས་ཟིན་པའི་གནད་དོན་རེ་རེར་བསྐྱར་ཞིབ་ཐེངས་མང་བྱས་ཏེ། འགལ་རྐྱེན་ངན་པ་ཡང་བསྐྱར་མི་འབྱུང་བའི་ཐད་ནན་འགོག་མཐའ་གཅིག་ཏུ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལོ་ལོན་ཚོགས་སྤྱིའི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་དོན་ལྡན་བྱ་རྒྱུ་ཡིན་ཟེར།