མཚོ་སྔོན་གྱིས“དམངས་ཡོངས་ཀྱི་དཔེ་ཀློག་གཙོ་གཉེར་པ”108བདམས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ4པའི་ཚེས24ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས“དམངས་ཡོངས་ཀྱི་དཔེ་ཀློག་གཙོ་གཉེར་པ”108བདམས་ནས། ལས་རིགས་དང་ལོ་ཚད། ས་ཁོངས་བཅས་ལས་བརྒལ་བའི་དཔེ་ཀློག་ཁྱབ་གདལ་དཔུང་སྡེ་བཙུགས་ཏེ། མཐོ་སྒང་གི་དམངས་ཡོངས་ཀྱི་དཔེ་ཀློག་ལ་སྒུལ་ནུས་གསར་པ་བསྣན་པ་དང་། རིག་གནས་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བཏང་ནས། “དཔེ་དེབ་ཀྱི་བསུང་ངད་མཚོ་སྔོན་གྱི་གང་སར་མཆེད་ཐུབ་པའི” དཔེ་ཀློག་སྤུས་རྟགས་རྒྱུན་མཐུད་ངང་གསལ་སྟོན་བྱས།

གཙོ་གཉེར་དཔུང་སྡེ་དེས་གསར་འགྱུར་སྨྱན་སྦྱོར་དང་དཔེ་སྐྲུན་འགྲེམ་སྤེལ། སྤྱི་པའི་དཔེ་མཛོད་ཁང་། སྤྱི་བདེ་ཁྱད་རིགས་ཉེན་རྟོག་པ། སློབ་གྲྭ་ཆུང་འབྲིང་གི་སློབ་མ་སོགས་ལས་རིགས་མང་པོའི་ཚོགས་སྤྱི་ལ་ཁྱབ་པར་བྱས་ཡོད་ཅིང་། དེར་ཁྱབ་རྒྱ་ཆེ་ལ་མཚོན་བྱེད་རང་བཞིན་ཆེན་པོ་ལྡན། གཙོ་གཉེར་པ་རྣམས་ཀྱིས་དཔེ་དེབ་ཡག་པོ་འོས་སྦྱོར་དང་། 《མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་དཔེ་ཀློག་ལ་འཇུག་པར་སྐུལ་སྤེལ་གཏོང་བའི་སྲོལ་ཡིག》སྐོར་ནས་གསལ་འགྲེལ་དང་། “དཔེ་དེབ་ཀྱི་བསུང་ངད་མཚོ་སྔོན་གྱི་གང་སར་མཆེད”བཅས་ཀྱི་འཛུགས་སྐྲུན་བཅས་ཁ་ཕྱོགས་ཆེན་པོ་གསུམ་ལ་དམ་པོར་དམིགས་ཏེ། བརྗོད་དོན་བརྙན་ཐུང་རབ་དང་རིམ་པ་བཟོས་ནས། མཐོང་སྣེ་མང་པོ་ནས་དཔེ་ཀློག་གི་རིན་ཐང་དར་སྤེལ་བཏང་། འོས་སྦྱོར་དཔེ་དེབ་ཀྱི་དཀར་ཆག་ནང་གསར་བརྗེའི་ལོ་རྒྱུས་དང་ས་ཁོངས་རིག་གནས། རིག་གཞུང་ཞིབ་འཇུག བྱིས་པའི་རྩོམ་རིག་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་དང་། དེར་བསམ་བློའི་ནང་དོན་དང་ས་ཁོངས་ཀྱི་ཁྱད་ཆོས། དཔེ་ཀློག་རིན་ཐང་བཅས་ཆེན་པོ་ལྡན་པར་བརྟེན། མང་ཚོགས་ཀྱི་དཔེ་ཀློག་གདམ་ག་ཕྱོགས་ཡོངས་ནས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། སྤྱི་ཚོགས་ཡོངས་དཔེ་ཀློག་ལ་འཇུག་པར་སྤྲོ་བ་དང་དཔེ་དེབ་ཡག་པོ་ཀློག་པ། དཔེ་ཀློག་བྱེད་མཁས་པ་བཅས་ཀྱི་ཐད་ནས་མཁའ་དབུགས་ཡག་པོ་བསྐྲུན།

ད་ལོའི་ཟླ2པའི་ཚེས1ཉིན། 《མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་དཔེ་ཀློག་ལ་འཇུག་པར་སྐུལ་སྤེལ་གཏོང་བའི་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་པ་ནས་བཟུང་། རང་རེའི་ཞིང་ཆེན་གྱི་དམངས་ཡོངས་དཔེ་ཀློག་ལ་འཇུག་པར་སྐུལ་འདེད་གཏོང་བའི་ལས་དོན་འདི་ཉིད་ཁྱོན་ཡོངས་ནས་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་འཕེལ་རྒྱས་དུས་རིམ་དུ་སླེབས་ཡོད། གཙོ་གཉེར་པས་གོ་བདེའི་ལམ་ནས་ཁྲིམས་སྲོལ་གྱི་ནང་དོན་ལ་གསལ་འགྲེལ་བྱས་ནས། ཁྲིམས་སྐྱོང་འགན་སྲུང་གི་འདུ་ཤེས་མི་སེམས་ཀྱི་ཟབ་སར་སིམ་པར་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།