ཡུས་ཧྲུའུ་ཁུལ་གྱིས་རྨོ་འདེབས་ལས་དོན་ལ་ནུས་ཤུགས་ཡོད་རྒུ་བཏོན།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ4པའི་ཚེས24ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ4པ་ནས་བཟུང་། ཁུལ་ཡོངས་ཀྱིས་སྔོན་ལ་ཇུས་འགོད་དང་གཅིག་གྱུར་སྒོས་ཤུགས་འདོན་པ། གནད་ལ་འཁེལ་བའི་ཐབས་ཇུས་ལག་བསྟར་བཅས་བྱས་ཏེ། དཔྱིད་ཀའི་རྨོ་འདེབས་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ནན་མོ་བྱས་ནས། ས་བོན་ལས་རིགས་དར་རྒྱས་གཏོང་རྒྱུ་གཙོ་བོར་བཟུང་སྟེ། མཐོ་སྒང་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་པོ་བཏིང་ནས། ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་པོའི་ཞིང་ལས་ཐོན་སྐྱེད་ཀྱི་ཐོན་འབབ་ཇེ་ལེགས་སུ་གཏོང་བ་དང་ཡོང་འབབ་འཕར་སྣོན་ཡོང་བར་བརྩོན་ལེན་བྱ་རྒྱུ་རེད།

ཡུས་ཧྲུའུ་ཁུལ་གྱིས་དཔྱིད་འདེབས་ཐོན་སྐྱེད་ཀྱི་གནད་འགག་དུས་ཚིགས་ལ་དམ་པོར་དམིགས་ཏེ། དཔྱིད་འདེབས་གྲ་སྒྲིག་དང་ཞིང་ལས་འཕྲུལ་ཆས་ཞིབ་བཤེར་བཟོ་བཅོས། སོན་བཟང་ཁྱབ་གདལ་སོགས་ཀྱི་ལྟེ་བའི་གོ་རིམ་ལ་དམིགས་ནས། ཆེད་ལས་ཞིང་ལས་ལག་རྩལ་མཛུབ་སྟོན་ཚན་ཆུང་བཙུགས་ཏེ། གཞི་རིམ་གྱི་ཡུལ་དངོས་དང་པོར་བསྐྱོད་དེ། ཁྱོན་ཡོངས་ལ་ཁྱབ་པ་དང་བར་ཐག་མེད་པའི་ལག་རྩལ་མཛུབ་སྟོན་ཞབས་ཞུ་སྤེལ་ནས། ཞིང་ལས་ལག་རྩལ་ཞབས་ཞུ་ཞིང་ཁར་དངོས་སུ་བསྐྱལ་བ་དང་མང་ཚོགས་ཀྱི་ཐོན་སྐྱེད་ཐད་ཀྱི་དཀའ་གནད་དངོས་ཐག་བཅད།  ནས་དང་ཞོག་ཁོག གཟན་རྩྭ་སོགས་མཐོ་སྒང་ཁྱད་ཆོས་ལྡན་པའི་ལོ་ཏོག་ལ་རྐང་ཚུགས་པར་བྱས་ཏེ། ས་བོན་གསར་པ་ནང་འདྲེན་དང་ཚོད་ལྟ། དཔེ་སྟོན་བཅས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ས་བོན་བཟང་པོ་ཁྱབ་གདལ་གཏོང་རྒྱུ་དེ་ས་ཁོངས་ཡོངས་སུ་ཁྱབ་པར་བྱེད་པ་དང་། ཞིང་ལས་ལོ་ཏོག་གི་འདེབས་འཛུགས་གྲུབ་ཆ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བའི་དམིགས་འབེན་མངོན་འགྱུར་ཡོང་བར་འབད་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།