ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་ནོར་སྲིད་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུ

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ་བཞི་པའི་ཚེས24ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་ནོར་སྲིད་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བཀོད་གཏོང་དང་། གོ་རིམ་རྗེས་མའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། ད་ལོའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་མགོ་རྩོམ་པ་ནུས་ཤུགས་དང་ལྡན་ཞིང་སྔོན་དཔག་ལས་བཟང་བར་མ་ཟད། གསར་བ་དང་ལེགས་ཕྱོགས་སུ་འཕེལ་ནས་བརྟན་པོར་མགོ་རྩོམ་པ་དང་ཐོག་མའི་རྒྱལ་ཁ་མངོན་འགྱུར་བྱུང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་མགོ་རྩོམ་པའི་དུས་ཚིགས་དང་པོར་བླངས་པའི་གྲུབ་འབྲས་ནི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་གྲུབ་འབྲས་ཤིག་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྒོས་སྤེལ་ནས། སེམས་ཤུགས་གཅིག་སྒྲིལ་དང་དོན་འཁྱོལ་དམ་འཛིན་བྱས་པའི་གྲུབ་འབྲས་ཤིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་མངོན་པར་བྱས་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དུས་ཚིགས་གཉིས་པ་ནི་ལོ་ཧྲིལ་བོའི་དཔལ་འབྱོར་འཕེལ་ཕྱོགས་ཐག་གཅོད་བྱེད་པའི་གནད་འགག་གི་དུས་རིམ་ཞིག་ཡིན་པས། ངེས་པར་དུ་དམིགས་འབེན་གསལ་བོ་དང་བརྩོན་སེམས་ཡར་བསྐྱེད་བྱེད་དགོས་ཤིང་། ཐོག་མའི་རྒྱལ་ཁ་ལེན་པའི་ངར་སེམས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་བཏང་ནས་ཕྱོགས་གཉིས་ནས་འདྲ་མཉམ་དུ་འཕེལ་བར་འབད་འབུངས་བྱེད་དགོས། ནུས་ཤུགས་ཡོད་རྒུས་ནུས་ལྡན་དངུལ་གཏོང་རྒྱ་བསྐྱེད་དེ། ལས་གཞི་མགོ་རྩོམ་པ་དང་ཐོན་ལས་དངུལ་གཏོང་། ཚོང་འགུག་དངུལ་འདྲེན་བཅས་ནན་འཛིན་བྱེད་དགོས་ལ། ལས་གཞི་གལ་ཆེན་དང་ལས་གཞི་གཙོ་བོ་རེ་རེ་བཞིན་དམིགས་སུ་འཛིན་པ་དང་རེ་རེ་བཞིན་སྐུལ་འདེད་གཏོང་བ། བཟོ་སྐྲུན་ལས་རིགས་ཀྱི་དངུལ་གཏོང་དང་ནུས་ཁུངས་གསར་པའི་དངུལ་གཏོང་རྒྱ་བསྐྱེད་པ་དེ་གལ་འགངས་ཆེ་ཤོས་སུ་བརྩིས་ནས། ཐོན་ལས་ཀྱི་གནས་བཞི་དང་ལྗང་མདོག་རྩིས་ནུས་སོགས་ལས་དོན་གཙོ་བོར་དམིགས་ཏེ་གནད་འཁེལ་ཚོང་འགུག་དང་ཚོང་གིས་ཚོང་འགུག་དགོས། ཐབས་མང་མཉམ་སྤྱོད་ཀྱིས་འཛད་སྤྱོད་བག་ཤུགས་སྐུལ་སློང་བྱས་ཏེ། ཡུལ་སྐོར་བཟང་དུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་ཁག་ཅིག་ཇུས་འགོད་ཞིབ་མོ་བྱེད་དགོས་ལ། སྔར་ལས་ནུས་ལྡན་དང་གནད་འཁེལ་གྱི་བྱེད་ཐབས་བཏོན་ནས་ཞབས་ཞུའི་ལས་རིགས་གཙོ་བོ་གསོ་སྐྱོང་དང་རྒྱ་བསྐྱེད་པ། འགྲན་སྡུར་དང་ཚ་གཡོལ། ཁམས་གསོ། རིག་རྩལ་འཁྲབ་སྟོན། བཟའ་བཏུང་། མཚན་ལྗོངས་སོགས་ཐད་ཀྱི་འཛད་སྤྱོད་བག་ཤུགས་ཕྱིར་མངོན་པར་བྱས་ནས་བྱེད་ཐབས་འདིའི་རིགས་འཕར་གྲངས་སུ་འགྱུར་བར་བྱེད་དགོས། བཟོ་ལས་འཕར་བའི་རྣམ་པ་མུ་མཐུད་སྲ་བརྟན་དུ་བཏང་སྟེ། རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། བཟོ་ལས་བརྟན་པོར་འཕེལ་བའི་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱེད་པ། གསོག་གྲངས་བརྟན་གཏོང་དང་འཕར་གྲངས་སྔོག་འདོན། སྒྲིག་གཞི་ལེགས་སྒྱུར་བྱས་ཏེ། ཁེ་ལས་གཙོ་བོས་ཐོན་སྐྱེད་ཚད་ལོངས་དང་བརྟན་པོར་ཐོན་སྐྱེད་ཐུབ་པར་ཁག་ཐེག་བྱེད་དགོས། འཛུགས་སྐྲུན་རྣམ་གྲངས་ཀྱི་ཐོན་སྐྱེད་ནུས་ཐོན་ཇེ་མགྱོགས་སུ་བཏང་ནས། ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ་སོགས་གསར་དར་ཐོན་ལས་གསོ་སྐྱོང་དང་རྒྱ་བསྐྱེད་དགོས། སྲིད་ཇུས་ཀྱི་མཐུན་སྦྱོར་འགན་སྲུང་ཤུགས་དྲག་ཏུ་བཏང་སྟེ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སྒྱུར་དང་། བདག་རྐྱེན་ཞབས་ཞུའི་འགན་སྲུང་ཞིབ་ཚགས་སུ་གཏོང་བ། ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་ཞིབ་མོ་བྱེད་པ། དངུལ་རྩའི་མ་རྩ་ངོ་བོའི་རང་བཞིན་གྱིས་ཇེ་དམའ་རུ་གཏོང་བ། ལྷག་བསམ་རྣམ་དག་སྒོས་ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་བྱས་ནས། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས། འགན་འཁྲི་ནན་དཀྲི་བྱས་ནས་ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོར་འཛུགས་དགོས། སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བརྩི་བ་དང་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་དང་ཟུང་འབྲེལ་སྒོས། རིམ་པ་སོ་སོའི་ལས་བྱེད་པས་དཔལ་འབྱོར་བྱ་བ་དམ་འཛིན་བྱེད་པའི་ནུས་པ་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། བློ་སེམས་རྩེ་གཅིག་གིས་འཕེལ་རྒྱས་དམ་འཛིན་དང་དངོས་གཉེར་བདེན་འཚོལ་གྱིས་ལས་དོན་སྒྲུབ་ནས། ལོ་ཧྲིལ་བོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་ཡོངས་འགྲུབ་བྱེད་ཆེད་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་ཡག་པོ་རྩོམ་པ་མངོན་འགྱུར་བྱེད་ཆེད་རྨང་གཞི་བརྟན་པོ་འདིང་དགོས།

གྲོས་ཚོགས་ལས་དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་ཐད་ཀྱི་དབྱེ་ཞིབ་དང་གོ་རིམ་རྗེས་མའི་བྱ་བ་གཙོ་བོའི་བྱེད་ཐབས་སྙན་ཞུ་ཕུལ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ཞིང་ཆེན་ཚོང་དོན་ཐིང་བཅས་ཀྱི་འཐུས་མིས་གཏམ་བཤད།

གྲོས་ཚོགས་བརྙན་རིས་ཀྱི་རྣམ་པས་བསྡུས་ཤིང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་ལ། གྲོང་ཁྱེར་དང་ཁུལ་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད། ལིའུ་ཆི་ཧྥན་དང་། ལིའུ་མེ་ཕིན། ཝང་ཏ་ནན། ཝུའུ་ལ་ཙི་པིའེ་ཁོ.རེ་སུའུ་ལི་ཧན། པད་གོ  ཧོ་ལུའུ་ཁྲུན། ཚའོ་ཅུན། དབྱང་ཧྥེང་ཁྲུན། ལིའུ་ཐའོ། ཀྲང་ཞའོ་རུང་བཅས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།