ཟླ4པའི་ཚེས24ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《མཚོ་སྔོན་ཞིང་ཆེན་གྱི་ཆེད་ཁེ་སྐུལ་སྤེལ་དང་སྲུང་སྐྱོབ་བྱེད་པའི་སྲོལ་ཡིག》ཅེས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་སྲོལ་ཡིག》ཅེས་པའི་སྲོལ་ཡིག་གཉིས་ཀྱི་ནང་དོན་དང་རྒྱབ་ལྗོངས་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།
སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས(ཤེས་བྱའི་ཐོན་དབང་ཅུས)། ཞིང་ཆེན་ཁྲིམས་འཛིན་ཐིང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་སྲོལ་ཡིག་གཉིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཁྲིམས་འཛུགས་བརྒྱུད་རིམ། གཙོ་གནད་ནང་དོན། དམིགས་ཡུལ་གྱི་དོན་སྙིང་། གོ་རིམ་རྗེས་མའི་ལས་ཀའི་འཆར་གཞི་སོགས་ཀྱི་སྐོར་ནས་གསར་འགྱུར་སྒྲོག་སྤེལ་བྱས།
《མཚོ་སྔོན་ཞིང་ཆེན་གྱི་ཆེད་ཁེ་སྐུལ་སྤེལ་དང་སྲུང་སྐྱོབ་བྱེད་པའི་སྲོལ་ཡིག》ལ་ཁྱོན་བསྡོམས་ལེའུ་དྲུག་དང་དོན་ཚན་བཞི་བཅུ་ཡོད་ཅིང་། དེའི་ནང་དུ་སྤྱིའི་རྩ་དོན་དང་ཆེད་ཁེ་སྐུལ་སྤེལ། ཆེད་ཁེ་སྲུང་སྐྱོབ། ཆེད་ཁེ་ཞབས་ཞུ་དང་དོ་དམ། བཅའ་ཁྲིམས་ཀྱི་འགན་འཁྲི། ཞར་བྱུང་དོན་ཚན་བཅས་ཚུད་ཡོད། སྲོལ་ཡིག་གིས་གནད་དོན་གྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྡེ་ཁག་གི་འགན་འཁྲི་མངོན་གསལ་ཅན་དུ་གཏོང་བ། ས་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་བ་བཅས་ཀྱི་ཐད་ཤུགས་བསྣན་ཡོད། སྲོག་ཡིག་གི་ནང་དོན་གཙོ་བོ་ནི། ཆེད་ཁེ་སྐུལ་སྤེལ་ཤུགས་ཆེན་གཏོང་བ་དང་ཆེད་ཁེ་བཀོད་སྒྲིག་ཇེ་དྲག་ཏུ་གཏོང་བ། ཐོན་ལས་འགྲན་རྩོད་ནུས་ཤུགས་སྦྱོང་བརྡར་བྱེད་པ། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱ་རྒྱུ། སྒུལ་ནུས་བསྒྱུར་བ་དང་། སྐུལ་སློང་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ཆེད་ཁེ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྡེ་ཁག་གི་འགན་འཁྲི་དང་རྩོད་གཞི་ཐག་གཅོད་བྱེད་པའི་ཐབས་ལམ་ཁ་གསལ་བཟོ་བ། བདག་སྐྱོང་དབང་ཚད་དང་སྲིད་འཛིན་རིམ་པ་གསལ་པོ་བཟོ་བ། ཆེད་ཁེ་ཞབས་ཞུ་དང་དོ་དམ་གྱི་འབྲེལ་ཡོད་ནང་དོན་འཐུས་ཚང་དང་ཞིབ་ཚགས་སུ་གཏོང་བ། ཆེད་ཁེ་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་པ། དབྱེ་ཞིབ་དང་དཔྱད་མོལ་ལམ་ལུགས་འཛུགས་པ། ཆེད་ཁེ་ཕྱོགས་སྟོན་ལ་ཤུགས་བསྣན་ནས། བདེ་ཐང་དང་འཕེལ་རྒྱས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པ་བཅས་ཡིན། སྲོལ་ཡིག་ནང་ཁེ་དབང་ལ་བཙན་གནོད་ཡང་ཡང་གཏོང་བའི་བྱ་སྤྱོད་ལ་ཆད་པ་གཅོད་རྒྱུའི་བཅའ་ཁྲིམས་ཀྱི་འགན་འཁྲིའི་གཏན་འབེབས་ཁ་སྣོན་བྱས་ཡོད། སྲོལ་ཡིག་དེ2026ལོའི་ཟླ5པའི་ཚེས1ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་རེད།
《མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་སྲོལ་ཡིག》ལ་ཁྱོན་བསྡོམས་དོན་ཚན་ཉེར་གཅིག་ཡོད། སྲོལ་ཡིག་བཏོན་ནས་ལག་བསྟར་བྱེད་པ་དེས་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ལས་དོན་སྔར་ལས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་སྐུལ་ལམ་ལུགས་ཀྱི་ཞན་ཆ་གསབ་པ། སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་ཁྲིམས་ལྟར་ཚད་ལྡན་ངང་འགན་འཁྲི་སྒྲུབ་རྒྱུར་སྐུལ་འདེད་གཏོང་བ། ཚད་ལྡན་དྲང་གཞག་ཡ་རབས་ངང་ཁྲིམས་བསྟར་ནན་མོ་ཡོང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་རེད། སྲོལ་ཡིག་དེ2026ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།