ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས། ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ4པའི་ཚེས24ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་འགོ་འཛིན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མོ་ཙམ་པི་ཁེ་ཡི་ཙུང་ཐུང་ཁྲ་པོ་དང་གྲོས་མོལ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ནང་། གནས་བབ་གསར་པའི་འོག་ཀྲུང་གོ་དང་མོ་ཙམ་པི་ཁེ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་དུས་རབས་ཀྱི་ཁ་ཕྱོགས་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་གསལ་འགྲེལ་གཏིང་ཟབ་གནང་བ་དང་། རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་འཐབ་ཇུས་ཀྱི་མཐོང་རྒྱ་དང་ལོ་རྒྱུས་ཀྱི་མིག་རྒྱང་གང་ལེགས་མཚོན་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གཅིག་མཐུན་གལ་ཆེན་བྱུང་བ་ལག་བསྟར་གཏིང་ཟབ་བྱས་ཏེ། མོ་ཙམ་པི་ཁེ་དང་ལྗང་མདོག་ནུས་ཁུངས་དང་། གཏེར་ཁ་གསར་སྤེལ། ཞིང་ལས་འཕེལ་རྒྱས། དབུལ་པོ་ཉུང་གཏོང་། དེ་བཞིན་སློབ་གསོ་དང་། རིག་གནས་ཡུལ་སྐོར། གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། མཛའ་བརྩེའི་ཆ་སྒྲིག་ལ་ཧུར་ཐག་སྐུལ་འདེད་བཏང་ནས། ཨ་ཧྥེ་རི་ཁ་དང་། ཨེ་ཤ་ཡ་དབུས་མ། ཨེ་ཤ་ཡ་ཤར་ལྷོ་སོགས་གསར་དར་ཁྲོམ་ར་དང་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། ལེགས་ཆ་ལྡན་པའི་ཐོན་ལས་མཉམ་དུ་ཕྱི་རྒྱལ་དུ་བསྐྱོད་པར་རྒྱབ་སྐྱོར་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ཕྱི་རྒྱལ་གྱི་བྱ་བའི་གནས་བབ་ཆེན་པོར་མཚོ་སྔོན་གྱིས་བྱས་རྗེས་གང་ལེགས་འཇོག་དགོས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐོར་ཞིབ་ལས་དོན་ཐད་རྒྱས་བཤད་གལ་ཆེན་གནང་བར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་སྐོར་ཞིབ་ལས་དོན་ཚོགས་འདུ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་ཞིབ་སྐོར་ཐེངས་བདུན་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། “སྲུང་སྐྱོང་གཉིས”ཀྱི་རྩ་བའི་ལས་འགན་ལ་དམིགས་ནས། ཆབ་སྲིད་སྐོར་ཞིབ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། ཀྲུང་དབྱང་སྐོར་ཞིབ་ཀྱི་ཕྱིར་ལྡོག་གནད་དོན་དག་ཐེར་ལེགས་བཅོས་བྱ་རྒྱུ་དམ་པོར་འཛིན་པ། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་བཅུ་པ་དང་བཅུ་གཅིག་པར་སྐུལ་འདེད་ཏན་ཏིག་བྱས་ནས། སྐོར་ཞིབ་ལ་བརྟེན་ནས་སྒྱུར་བཅོས་དང་བཅོས་སྐྱོང་གྲུབ་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། “བརྟན་ལྷིང་དམ་འཛིན་དང་བདེ་འཇགས་འགན་ལེན་བྱ་རྒྱུ་དེའང་སྲིད་འབྲས་ཡིན”ཞེས་པའི་འདུ་ཤེས་བརྟན་པོ་ཆགས་ནས། རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་དང་། ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལས་ཀའི་འགན་འཁྲི་དངོས་འབེབས་བཅས་བྱས་ཏེ། 2025ལོའི་ལོ་འཁོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་ཀྱི་སྐོར་ཞིབ་དག་ཐེར་ལས་དོན་གོ་སྐབས་སུ་བཟུང་ནས། གཅིག་ཤེས་ཀུན་གྲོལ་གྱིས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་དམ་འཛིན་ཞིབ་ཚགས་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྲུང་སྐྱོང་བྱེད་དགོས།

ཚོགས་འདུའི་ཐོག《ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི2026ལོའི་ལས་ཀའི་གཙོ་གནད》དང《ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི2025ལོའི་ལས་ཀའི་ཕྱོགས་སྡོམ་སྙན་ཞུར》གྲོས་ཞིབ་བྱས་ནས། ཞིང་ཆེན་གྱི་འཐབ་ཇུས་ངེས་གནས་ལ་དམ་པོར་དམིགས་ཏེ། སྐྱེ་ཁམས་རིག་གནས་ཀྱི་མཐོ་ས་བསྐྲུན་རྒྱུ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་པ། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར། ཏང་གི་མགོ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་མཚམས་ཚིགས་ལ་དམིགས་ཏེ། མཚོན་རྟགས་རང་བཞིན་གྱི་བཅོས་སྒྱུར་བྱ་ཐབས་ཁག་ཅིག་བཏོན་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་དང་མི་དམངས་མང་ཚོགས་ཀྱི་ཡིད་ཚིམ་ཚད་ཀྱིས་བཅོས་སྒྱུར་གྱི་འབྲས་བུ་ལ་བརྟག་བཤེར་བྱ་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།