ཟླ4པའི་ཚེས22ཉིན་ནས་ཚེས23ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲི་སྟོད་རྫོང་དང་ཁྲི་འདུ་རྫོང་དུ་རྟོག་ཞིབ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་དགོས་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བ། ཞིང་ཆེན་ཏང་ཨུའི་སྐོར་གཅིག་ཅན་དྲུག་གི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། དམངས་ཕན་བྱེད་སྒོ་བདུན་གཏིང་ཟབ་ཏུ་སྤེལ་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་དག་ཐེར་བཅོས་སྐྱོང་བྱེད་པར་སྐུལ་འདེད་ནན་མོ་གཏོང་བ། དམངས་འཚོའི་འགན་སྲུང་དང་གཞི་རིམ་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་སོགས་ཀྱི་བྱ་བར་གཅིག་གྱུར་འཆར་འགོད་བཟང་བོ་བྱེད་པ་བཅས་བྱས་ནས་དོན་དངོས་རེ་རེ་བསྒྲུབས་པར་མང་ཚོགས་ཡིད་ཚིམས་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
འབྲི་སྟོད་རྫོང་གི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་དག་ཐེར་བཅོས་སྐྱོང་གཞུང་སྒྲུབ་ཁང་དུ་ལུའོ་ཏུང་ཁྲོན་གྱིས་ཞིང་ཕྱུགས་དང་སློབ་གསོ། སྡོད་ཁང་འཛུགས་སྐྲུན། དམངས་སྲིད་སོགས་ཁྱབ་ཁོངས་ཀྱི་གནད་དོན་གཅིག་བསྡུས་དག་ཐེར་བཅོས་སྐྱོང་གི་སྐུལ་འདེད་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་རྩ་ལག་མཉམ་བཅོས་དང་མ་ལག་བཅོས་སྐྱོང་། གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་ཁོངས་གཙོ་བོ་དང་གནད་འགག་ལས་རིམ་ལ་དམིགས་ནས་གསལ་ཁྲའི་གདུབ་ཟུམ་དོ་དམ་ནན་མོར་གཏོང་བ་དང་བྱ་བའི་འགན་འཁྲི་ཇེ་དམ་དུ་གཏོང་བ། འབུར་ཐོན་གནད་དོན་ལ་ཞིབ་བཤེར་ནན་མོ་བྱས་ཏེ་མགྱོགས་མྱུར་སྒོས་ཐག་གཅོད་པ། རྒྱུན་རྣམ་ཅན་གྱི་ཡུན་ཕན་དག་ཐེར་བཅོས་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཏང་གཤིས་བརྟན་པོར་བརྟེན་ནས་སྤྱོད་ཚུལ་བཟང་བོ་གསོ་སྐྱོང་བྱེད་པ་དང་། ལས་བྱེད་པའི་འགན་སྒྲུབ་ནུས་པ་དང་གཞི་རིམ་བཅོས་སྐྱོང་ཕན་ནུས་རྒྱུན་མཐུད་ངང་མཐོར་འདེགས་གཏོང་བ་བཅས་བྱས་ནས་བློ་བརྟན་འགྱུར་མེད་སྒོས་ཏང་གི་རོང་འབྲོག་ཁུལ་གྱི་སྲིད་འཛིན་རྨང་གཞི་བརྟན་པོར་འཛུགས་དགོས་ཞེས་ནན་གྱིས་བསྟན། དེའི་རྗེས་སུ། ལུའོ་ཏུང་ཁྲོན་གྱིས་ཡུལ་དངོས་ནས་འཕྲིན་བཅར་ལ་ཡོང་བའི་མང་ཚོགས་སྣེ་ལེན་བྱས་པ་དང་། ཞིང་བ་ཞོར་ལས་པའི་གླ་ཕོགས་ཆད་འགྱངས་ཐད་ཀྱི་འཕྲིན་བཅར་ལས་དོན་ཞིབ་འཇུག་ཐག་གཅོད་བྱས་ཤིང་། ཁོངས་གཏོགས་ས་ཁུལ་གྱི་འགན་འཁྲི་བཟང་བོར་འཁུར་བ་དང་ལས་སྒྲུབ་དུས་བཅད་གཏན་འཁེལ་གསལ་བོ་བྱེད་པ། མཐུན་སྦྱོར་ཤུགས་འདོན་ཇེ་དྲག་ཏུ་གཏོང་བ། ཁྲིམས་སྲོལ་ལྟར་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། འབྱུང་ཁུངས་ནས་བཅོས་སྐྱོང་དང་འགུལ་རྣམ་ལྟ་སྐུལ་དོ་དམ་གྱི་ཡུན་ཕན་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་དོན་བཟང་ལེགས་པོར་སྒྲུབ་པ་དང་དོན་དངོས་བཟང་བོར་སྒྲུབ་པ། དཀའ་གནད་ཐག་གཅོད་པ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།
འབྲི་སྟོད་རྫོང་མི་དམངས་སྨན་ཁང་དང་ཁྲི་འདུ་རྫོང་སྒྲུབ་རྒྱུད་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ལུའོ་ཏུང་ཁྲོན་གྱིས་སྤྱི་བའི་འཕྲོད་བསྟེན་དང་གཞི་རིམ་སྨན་བཅོས་ཞབས་ཞུ། བོད་ལུགས་གསོ་རིག་གི་ཁྱད་ལྡན་དཔྱད་བཅོས་སོགས་བྱ་བ་སྤེལ་བའི་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་། ས་གནས་ཀྱིས་ཡུལ་བབ་དང་བསྟུན་ནས་རྒན་པ་གཅིག་དང་བྱིས་པ་གཅིག་གི་བདེ་ཐང་བདེ་འཇགས་འགོག་སྲུང་མ་ལག་འཚོལ་ཞིབ་བྱས་ནས་འཛུགས་པ་དང་། AIལག་རྩལ་ལ་བརྟེན་ནས་ཐུམ་འབུའི་ནད་འགོག་བཅོས་ལ་ཤུགས་འདོན་པའི་གསར་གཏོད་བྱེད་ཐབས་གསར་པར་ཁས་ལེན་གང་ལེགས་བྱས། ཁོས་མཐོ་སྒང་མང་ཚོགས་ཀྱི་ནད་སྟོན་སྨན་བཀོལ་སོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམིགས་ནས་སྨན་བཅོས་སྐྱོབ་བཅོས་དང་སྐབས་བསྟུན་ཐག་གཅོད་ནུས་པ་ཇེ་ཆེར་གཏོང་དགོས་པ་དང་། བོད་ལུགས་གསོ་རིག་གི་རྒྱུན་འཛིན་དང་གསར་གཏོད། འཕེལ་རྒྱས་བཅས་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། གཞི་གྲངས་ཅན་གྱི་ལག་རྩལ་ལ་བརྟེན་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་སྤྱོད་ཐུབ་པར་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ། མཐོ་སྒང་ཐག་རིང་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་མི་འདང་ས་མྱུར་དུ་ཁ་གསབ་བྱེད་པ་བཅས་བྱས་ནས་མང་ཚོགས་ཀྱིས་རང་ས་གནས་ནས་སྔར་ལས་བདེ་འཇགས་དང་སྟབས་བདེ། སྤུས་ལེགས་བཅས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཁྲི་འདུ་རྫོང་ཆ་ཚང་སློབ་ཆུང་དུ་ལུའོ་ཏུང་ཁྲོན་གྱིས་སྤྱི་བདེ་པུའུ་ཡིས་རྐང་རྩེད་སྤོ་ལོའི་ལུས་རྩལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་གཞི་སྤེལ་བའི་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། སློབ་སྐྱོར་ལས་བྱེད་པར་འཚམས་འདྲི་བྱས་ལ། བྱིས་པ་རྣམས་དང་མཉམ་དུ་རྐང་རྩེད་སྤོ་ལོའི་རྩལ་ནུས་ཐད་ནས་བརྗེ་རེས་བྱས་ཏེ་ཚང་མ་རྐང་རྩེད་སྤོ་ལོའི་ལུས་རྩལ་ཁྲོད་ཞུགས་ནས་དགའ་སྣང་ལོངས་སྤྱོད་བྱེད་པ་དང་གཟུགས་གཞི་ཇེ་བཟང་དུ་གཏོང་བ། མི་གཤིས་འཐུས་ཚང་དུ་གཏོང་བ། བློ་སྟོབས་སྦྱོང་བརྡར་བཅས་བྱེད་དགོས་པའི་སྐུལ་མ་བཏང་། རྟོག་ཞིབ་བྱེད་སྐབས་ཏག་ཏག་སློབ་གྲྭས་སློབ་གཙོ་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་སྐབས་དང་པོ་སྤེལ་བཞིན་པ་དང་འཁེལ་ཡོད་ལ། ལུའོ་ཏུང་ཁྲོན་འགྲན་རར་སོང་ནས་འགྲན་སྡུར་འགོ་རྩོམ་དུ་བཅུག་པས། ཡུལ་དངོས་སུ་སྤྲོ་དགའི་རྣམ་པས་ཁེངས། ལུའོ་ཏུང་ཁྲོན་གྱིས་ཡུས་ཧྲུའུ་ཡི་སློབ་གླིང་གི་རྐང་རྩེད་སྤོ་ལོའི་འཕེལ་རྒྱས་རྨང་གཞི་བཟང་བ་དང་སྤྲོ་སེམས་ཆེ་བས། ཁ་གཏད་རོགས་སྐྱོར་སྟེགས་བུ་རྒྱུད་མཐུད་ངང་བེད་སྤྱོད་བཟང་བོ་བྱེད་པ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ན་གཞོན་གྱི་སློབ་གླིང་གི་རྐང་རྩེད་སྤོ་ལོའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བ། དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་དང་ན་གཞོན་གྱི་གསོ་སྦྱོང་མ་ལག་འཛུགས་སྐྲུན། སྒྲིག་ཆས་འཐུས་ཚང་དུ་གཏོང་བ། འགྲན་སྡུར་བྱེད་སྒོ་རྩ་འཛུགས་བཅས་ལ་ཤུགས་སྣོན་དགོས་ཤིང་། ཕྱི་ཕྱོགས་སུ་འཕེལ་རྒྱས་གྲུབ་འབྲས་ཁྱབ་བསྒྲགས་བྱས་ཏེ་རྐང་རྩེད་སྤོ་ལོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན། ཐོན་ལས་མཉམ་བསྲེས་འཕེལ་རྒྱས་བཅས་ལ་སྐུལ་འདེད་དང་ཁྲིད་སྟོན་བྱེད་དགོས་ཞེས་བསྟན།