ཟླ4པའི་ཚེས22ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དཔལ་ཁ་གྲོང་རྡལ་རི་ཕྱོར་སྡེ་བའི་རྨོ་ཞིང་སྤྱི་ཆིང་སོ་གསུམ་གྲངས་ཆུང་གསུམ་གསུམ་གྱི་སྟེང་དུ་ཞིང་ལས་འཕྲུལ་ཆས་ཀྱི་སྒྲ་སྒྲོག་པ་དང་ཞིང་ལས་བྲེལ་འཚུབ་ཆེ་བས། ས་དེའི་དཔྱིད་རྨོའི་ཐོན་སྐྱེད་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་རེད། ད་ལོ་ནས་བཟུང་མཚོ་སྔོན་གྱི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་སྔ་ཙམ་ནས་བཀོད་སྒྲིག་དང་འགན་འཁྲི་དངོས་འབེབས། སྐུལ་འདེད་ཤུགས་ཆེན་གཏོང་བ། དོན་འཁྱོལ་དམ་འཛིན་བཅས་རྒྱུན་འཁྱོངས་བྱས་ཏེ་དཔྱིད་རྨོའི་ཐོན་སྐྱེད་དང་། ཕྱུགས་ལས་ཐོན་འབབ་བརྟན་པོ། ཁྱད་ལྡན་ཐོན་ལས་གསོ་སྐྱོང་། རོང་འབྲོག་མང་ཚོགས་ཀྱི་འབབ་འཕར་སོགས་གཙོ་གནད་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་བས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེ་དཔལ་འབྱོར་གྱི་འཁོར་རྒྱུག་སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་། འཕེལ་ཕྱོགས་ཇེ་ལེགས་སུ་ཕྱིན་ནས་དུས་ཚིགས་དང་པོར“འགོ་ཡག་པོ་ཚུགས་པ”བདེ་བླག་ངང་མངོན་འགྱུར་བྱུང་སྟེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་ཞིང་ཆེན་ཡོངས་ཀྱི“ཞིང་གསུམ”ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་། དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ཀྱི་ཐོན་ལས་དང་པོའི་འཕར་ཐང་ན་ནིང་གི་དུས་མཉམ་ལས5.3%འཕར་ནས་ཞིང་ལས་ཞིང་སྡེ་འཕེལ་རྒྱས་བརྟན་པོའི་ཁྲོད་གོང་འཕེལ་དང་སྤུས་ཚད་ཇེ་ལེགས་སུ་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད།
དཔྱིད་རྨོའི་ཐོན་སྐྱེད་འགན་ལེན་བྱེད་ཆེད། མཚོ་སྔོན་གྱིས་སྔོན་ཚུད་དུ་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་དཔྱིད་རྨོའི་ཆེད་སྤྱོད་མ་དངུལ་གཤམ་སྤྲོད་བྱས་ནས། འབྲུ་སྣུམ་དང་སྔོ་ཚལ་ཐོན་སྐྱེད་དམིགས་འབེན་ལས་འགན་དབྱེ་འབྱེད་ཞིབ་ཕྲ་བྱས་པ་དང་། འབྲུ་རིགས་འདེབས་འཛུགས་ཁ་གསབ་དང་རྨོ་ཞིང་སྲུང་སྐྱོབ། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་སོགས་ཞིང་སྟོབས་ཞིང་ཕན་སྲིད་ཇུས་དུས་གཅིག་ཏུ་དོན་འཁྱོལ་བྱས་ཏེ། ཞིང་ཁྱིམ་གྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས། ཞིང་ལས་རྒྱུ་ཆ་མཁོ་སྤྲོད་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་ལས་ལོ་ཏོག་གི་ས་བོན་སྤྱི་རྒྱ་བྱེ་བ་གསུམ་ས་ཡ་བརྒྱད་ལྔ་འབུམ་ཉིས་ཁྲི་དང་ལུད་རྫས་ཏུན་དགུ་ཁྲི་ལྔ་བརྒྱའི་གྲངས་འབོར་འདང་ངེས་གསོག་འཇོག་བྱས་ནས། ཏུན་སུམ་ཁྲི་ཆིག་སྟོང་བདུན་བརྒྱ་གཤམ་སྤྲོད་བྱས་པ་དང་། ཞིང་ལས་འཕྲུལ་ཆས་སུམ་འབུམ་ཞིབ་བཤེར་བཟོ་བཅོས་དང་བདག་སྐྱོང་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ཡོད། ཞིང་ལས་ལག་རྩལ་མི་སྣ་རྩ་འཛུགས་བྱས་ཏེ་ཡུལ་དངོས་དང་པོར་ལག་རྩལ་མཛུབ་སྟོན་བྱེད་དུ་སོང་བ་དང་། ལྗང་མདོག་འགོག་སྡོམ་དང་ཐན་འགོག་ཆུ་གྲོན་སོགས་ཀྱི་དངོས་སྤྱོད་ལག་རྩལ་ཁྱབ་གདལ་བཏང་ཡོད། དུས་ཚིགས་དང་པོའི་དུས་མཇུག་བར་ཞིང་ཆེན་ཡོངས་ཀྱིས་དཔྱིད་འདེབས་ལོ་ཏོག་འདེབས་ཁྱོན་མུའུ་ས་ཡ་གཉིས་ཉིས་འབུམ་དགུ་ཁྲི་ཉིས་སྟོང་ཉིས་བརྒྱ་ལེགས་གྲུབ་བྱུང་བ་དང་། དཔྱིད་འདེབས་ཐོན་སྐྱེད་མྱུར་ཚད་མགྱོགས་པ་དང་སྤུས་ཚད་ལེགས་པ། འགན་སྲུང་འདང་ངེས་བཅས་ཡོད་པས་ལོ་ཧྲིལ་པོའི་འབྲུ་སྣུམ་སྔོ་ཚལ་ཐོན་བརྟན་མཁོ་འདོན་འགན་ལེན་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
ལུ་གུ་གསོ་བ་དང་སྒོ་ཕྱུགས་ཀྱིས་དགུན་དཔྱིད་སྐྱེལ་བ་སོགས་ཀྱི་གཙོ་གནད་ལས་དོན་ཏན་ཏིག་ངང་བསྒྲུབས་ཏེ་ལག་རྩལ་མཛུབ་སྟོན་དང་རིམས་ནད་འགོག་སྡོམ་། གཟན་ཆས་འགན་སྲུང་བཅས་ལ་ཤུགས་བསྣན་ཏེ། དུས་ཚིགས་དང་པོར་བེའུ་དང་ལུ་གུ་ས་ཡ་བཞི་ལྔ་འབུམ་དྲུག་ཁྲི་བཞི་སྟོང་གསོ་སྤེལ་བྱས་པ་དང་། བེའུ་དང་ལུ་གུའི་གསོན་ཚད་ཅུང་མཐོ་བ་སྲུང་འཛིན་བྱས་ཡོད། སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་སྐྱེད་ཀྱི་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། ནོར་ཕྱིར་འཚོང་བྱས་པ་ན་ནིང་གི་དུས་མཉམ་ལས2.1%དང7.2%སོ་སོར་འཕར་ཡོད། ཕག་ཕྱིར་འཚོང་བྱས་པ་ན་ནིང་གི་དུས་མཉམ་ལས8.8%འཕར་བ་དང་། ཁྱིམ་བྱ་ཕྱིར་འཚོང་བྱས་པ་ན་ནིང་གི་དུས་མཉམ་ལས78.2%འཕར་ཡོད། དེ་དང་ཆབས་ཅིག་རྩྭ་ཐང་གི་ཕྱུགས་ལས་རྣམ་སྒྱུར་རིམ་སྤར་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། ནོར་ལུག་གི་ཐོན་སྐྱེད་བྱ་དགའ་ཁ་གསབ་དང་སོན་བཟང་རྒྱ་ཆེར་སྤེལ་བ་སོགས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཕྱུགས་ལས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན། ལྗང་མདོག་ཅན་བཅས་ལ་རྣམ་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཕྱུགས་ལས་ཐོན་རྫས་མཁོ་སྤྲོད་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ནས་རོང་འབྲོག་མང་ཚོགས་ཀྱི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་འཕར་རྒྱུར་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད།