རྨ་ལྷོ་ཁུལ་གྱིས་བུད་མེད་ཀྱི་རྩོལ་གཉེར་ཟོང་རྟགས་ཇེ་ལེགས་སུ་བཏང་ནས་བུད་མེད་ཀྱི་ལས་ཞུགས་དང་ཡོང་སྒོ་འཕར་སྣོན་ཐད་རོགས་ཤུགས་བཏོན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ4པའི་ཚེས22ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་བསྒྲགས་སྤེལ་ནས། ས་གནས་བུད་མེད་ཀྱི་ལས་ཞུགས་ལས་གཏོད་ཀྱི་སྲོག་ཤིང་དགོས་མཁོ་དམིགས་སུ་འཛིན་པ་དང་། ཁྱད་ལྡན་རྩོལ་གཉེར་ཟོང་རྟགས་ཀྱི་སྤུས་འདེགས་ནུས་སྐྱེད་ལ་གཞི་བཅོལ་བ། གནད་འཁེལ་གྱི་རྩལ་ནུས་སྦྱོང་བརྡར་དང་ལས་ཞུགས་སྟེགས་བུ་བསྐྲུན་པ། ཞབས་ཞུའི་འགན་སྲུང་ཇེ་བརྟན་དུ་གཏོང་བ་སོགས་བརྒྱུད་དེ། བུད་མེད་ཀྱི་ལས་ཞུགས་རྣམ་པ་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་ཇེ་མགྱོགས་སུ་བཏང་བ་དང་། ཐར་ཐོར་གྱི་རྣམ་པ་ནས་དཔང་འཛིན་ལས་ཞུགས་དང་། ཟོང་རྟགས་ལས་ཞུགས་སུ་ཚུལ་སྒྱུར་བྱེད་པ་མངོན་འགྱུར་བྱུང་ཞིང་། བུད་མེད་ཀྱི་ཡོང་འབབ་རྒྱུན་མཐུད་གཏན་འཇགས་ངང་འཕར་སྣོན་ཡོང་བར་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་བུད་མེད་ཀྱི་སྒུལ་ཤུགས་བསྣན།

ཁུལ་ཁོངས་ཐོན་ལས་ཀྱི་བཀོད་པ་དང་བུད་མེད་ལས་ཞུགས་ཀྱི་དགེ་མཚན་ལ་རྐང་བཙུགས་ཏེ། རྨ་ལྷོ་ཁུལ་གྱིས་ས་གནས་མང་པོར་ཁྱད་ལྡན་ལས་ཞུགས་ཀྱི་འགྲན་ལམ་བཙུགས་ནས་བུད་མེད་ཀྱི་ལས་ཞུགས་དཔུང་ཁག་རྒྱུན་ཆད་མེད་པར་རྒྱ་བསྐྱེད། ཁྱད་ལྡན་ཟ་འཐུང་ཐོན་ལས་ལ་གཞི་བཅོལ་ནས་རྨ་ལྷོའི་གོ་རེ་ཞེས་པའི་རྩོལ་གཉེར་ཟོང་རྟགས་རིམ་སྤོར་འཛུགས་སྐྲུན་བྱས་ཤིང་། བུད་མེད568ས་གནས་སུ་ལས་ཞུགས་ཐུབ་པར་ཐད་ཀར་སྐུལ་ཁྲིད་བྱས། རེབ་གོང་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཐང་ཀ་དང་གཙག་དྲུབ། འཚེབ་དྲུབ་སོགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། བུད་མེད་ལས་ཞུགས་མཁན237གཅིག་སྡུད་བྱས། ནུས་ཤུགས་གཅིག་སྡུད་ཀྱིས་གཙན་ཚའི་ཁྱད་ལྡན་བོད་སྤོས་ཐོན་ལས་གསོ་སྐྱོང་བྱས་ཏེ། ལས་རྣམ་གསར་པའི་ལས་ཞུགས་སྦས་ཤུགས་མུ་མཐུད་སྔོག་འདོན་བྱས་ནས་བུད་མེད་ཀྱི་ལས་ཞུགས་གདམ་ཀ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་། ལས་ཞུགས་འཕེལ་རྒྱས་ཀྱི་གཞི་རྩ་ཇེ་བརྟན་དུ་གཏོང་ཆེད། རྨ་ལྷོ་ཁུལ་གྱིས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ས་གནས་བུད་མེད་ཀྱི་ཁྱད་ལྡན་རྩོལ་གཉེར་ཟོང་རྟགས་གསོ་སྐྱོང་བྱས། གྲོང་ཁྱེར་དང་རྫོང་སོ་སོའི་ཐོན་ཁུངས་དགེ་མཚན་དང་ཟུང་འབྲེལ་བྱས་ཏེ། སོག་རྫོང་གི་སོག་རྩག་གྱོན་གོས་དང་། ཐུན་རིན་གྲོང་ཁྱེར་གྱི་བུད་མེད་ཀྱི་མི་རིགས་ལས་ཤེས་བཟོ་རྩལ་དང་། གཙན་ཚའི་ཅིན་ཞིན་བདེ་སྐྱིད་ཁྱིམ་ལས་སོགས་སྤུས་ལེགས་ཟོང་རྟགས་གཙོ་གནད་དུ་འཛུགས་སྐྲུན་བྱས་ཏེ། ལས་རིགས་ཀྱི་ལས་ཞུགས་ཚད་གཞི་ཚུལ་ལྡན་དང་ཇེ་དམ་དུ་བཏང་ཞིང་། ཟོང་རྟགས་དྲིལ་སྒྲོག་གི་ཁྱབ་དགལ་ནུས་ཚད་ཇེ་ཆེར་བཏང་ནས། ཁྱད་ཆོས་མངོན་གསལ་དང་ཁྱབ་ཚད་ཆེ་བའི་བུད་མེད་རྩོལ་གཉེར་ལས་ཞུགས་ཀྱི་མིང་བྱང་བསྐྲུན་པར་མ་ཟད། ཟོང་རྟགས་ཅན་འཕེལ་རྒྱས་སུ་བཏང་བར་བརྟེན་བུད་མེད་ལས་ཞུགས་ཀྱི་སྤུས་ཚད་ཇེ་མཐོར་བཏང་།

དུས་མཉམ་དུ། རྨ་ལྷོ་ཁུལ་གྱིས་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུའི་འགན་སྲུང་མ་ལག་མུ་མཐུད་ལེགས་སྒྱུར་བྱས། ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་དགོས་མཁོ་དང་དམ་དུ་སྦྲེལ་ཞིང་། ཁ་གཏད་རང་བཞིན་གྱིས་བེད་སྤྱོད་རྩལ་ནུས་དང་ཐོན་རྫས་ཕྱིར་འཚོང་སོགས་ཀྱི་ཆེད་དོན་གསོ་སྦྱོང་སྤེལ་ནས། བུད་མེད་ཀྱི་ཕྱོགས་སྡུས་ལས་ཞུགས་བྱེད་ནུས་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་། ལས་ཞུགས་རྗེས་འདེད་ཞབས་ཞུ་དང་ངལ་རྩོལ་ཁེ་དབང་འགན་སྲུང་། སྲིད་ཇུས་ཀྱི་གནད་འཁེལ་རོགས་སྐྱོར་བཅས་ཀྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ལས་ཞུགས་ཀྱི་བུན་འཇོག་འགན་ལེན་སོགས་དམངས་ཕན་སྲིད་ཇུས་གནད་འཁེལ་སྒོས་དངོས་འབེབས་བྱས་ནས། ཁྱིམ་སྡོད་བུད་མེད་དང་ལས་ཞུགས་དཀའ་ཁག་ཅན་གྱི་བུད་མེད་སོགས་ཚོགས་ཁག་གཙོ་བོ་གཅིག་འདུས་ཀྱིས་གནད་འཁེལ་རོགས་སྐྱོར་བྱས་ཤིང་། ཕྱོགས་ཡོངས་སུ་ཁེབས་པའི་ཞབས་ཞུ་སྒྲུབ་པར་བརྟེན་བུད་མེད་ཀྱི་བརྟན་འཇགས་ལས་ཞུགས་དང་ཡོང་སྒོ་རྒྱུན་མཐུད་འཕར་སྣོན་ཐད་སྲུང་སྐྱོབ་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།