ཚེས་ཉེར་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། ཞིང་ལས་ཞིང་སྡེ་པུའུ་ཡི་འབྲེལ་ཡོད་འགན་ཁུར་བས་ད་ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱི་ཞིང་ལས་ཞིང་སྡེ་ཡི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོའི་རྒྱུན་བསྐྱངས་ཡོད་པ་བསྟན།
མིག་སྔར་རྒྱལ་ཡོངས་ཀྱི་དཔྱིད་འདེབས་ཐོན་སྐྱེད་ཀྱི་འཕེལ་རིམ་བདེ་བླག་ཡིན། ལོ་ཧྲིལ་པོར་འབྲུ་རིགས་འདེབས་པའི་རྒྱ་ཁྱོན་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་དང་། དཔྱིད་འདེབས་འབྲུ་རིགས་ཀྱི་འཕེལ་རིམ་བཅུ་ཆའི་གཉིས་ལས་བརྒལ་ནས། དུས་མཉམ་ལས་ཅུང་མགྱོགས། དགུན་གྲོའི་སྐྱེ་ཚུལ་དང་གསོན་ཚད་འཕེལ་རིམ་སྤྱིའི་ཆ་ནས་རྒྱུན་གཏན་གྱི་དུས་སུ་སླེབས་ཡོད། དགུན་གྱི་ལོག་དཀར་རྒྱ་ཁྱོན་བརྟན་ལ། སྐྱེ་ཚུལ་ཅུང་བཟང་།
གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་། དུས་ཚིགས་དང་པོར། གཞི་ཁྱོན་ཡན་གྱི་ཞིང་ཞོར་བཟའ་བཅའ་ལས་སྣོན་ལས་རིགས་ཀྱི་འཕར་ཐང་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་དྲུག་གྲངས་ཆུང་བརྒྱད་འཕར་ཡོད། གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་གསུམ་དང་གྲངས་ཆུང་གཅིག་འཕར་ཡོད་པ་དང་། གྲོང་གསེབ་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དོན་དངོས་སུ་བརྒྱ་ཆའི་ལྔ་གྲངས་ཆུང་བཞི་འཕར་ཡོད། དུས་ཚིགས་དང་པོར། རྒྱུན་རྣམ་ཅན་གྱི་གནད་འཁེལ་རོགས་སྐྱོར་གྱི་འགོ་ལེགས་པོ་ཞིག་བཙུགས་ཡོད། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། མཐའ་སྐྱོང་འགན་སྲུང་བྱེད་ཐབས་དོན་འཁྱོལ་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་ཡོང་བའི་ཚད་མཐའ་བརྟན་པོར་བསྲུངས་ནས། རོགས་སྐྱོར་བྱ་ཡུལ་གྱི་ལས་མི་ལས་ཞུགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡིན།
ཞིང་ལས་ཐད་མ་དངུལ་གཏོང་བའི་གཞི་ཁྱོན་བརྟན་བརླིང་ངང་རྒྱ་བསྐྱེད། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་དང་། སྒྲིག་བཀོད་ཞིང་ལས་གསར་སྒྱུར་སོགས་ཀྱི་ལས་གཞི་ལ་སྐུལ་འདེད་བཏང་སྟེ། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་ཐོན་ལས་དང་པོའི་གཏན་འཇགས་རྒྱུ་ནོར་ལ་དངུལ་གཏོང་བྱས་ཚད་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བཅོ་ལྔ་གྲངས་ཆུང་དགུ་འཕར།
ཞིང་ལས་དང་གྲོང་གསེབ་པུའུ་ཡི་པུའུ་ཀྲང་གཞོན་པ། མེ་ཨེར་ཏན·མུའུ་ཀེ་ཐི་ཡིས་བཤད་རྒྱུར། རིམ་པ་རྗེས་མར། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་ཚད་མཐའ་མཐའ་གཅིག་ཏུ་སྲུང་དགོས་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཡུལ་བབ་དང་བསྟུན་ནས་གནས་སྡོད་ལས་འཕྲོད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོ་རྩོམ་པ་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཟེར།