ཟླ4པའི་ཚེས22ཉིན་ནས་ཚེས23ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་སྔོན་ལ་འགྲོ་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་དགོས་པར་མ་ཟད། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ཏེ་དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་མཚོ་ནུབ་ཁུལ་གྱི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་ཚན་དང་མཚོ་ནུབ་ཁུལ་འཕྲིན་བཅར་མང་ཚོགས་སྣེ་ལེན་ལྟེ་གནས་སུ་སོང་ནས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་དང་འཕྲིན་བཅར་ཐད་ཀྱི་ཐག་བཅད་མེད་པའི་གནད་དོན་ཐག་བཅད་པའི་གྲུབ་འབྲས་ལ་རྒྱུས་ལོན་བྱས་ཤིང་། གཞུང་དོན་དུ་ཏང་འཛུགས་པ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ། དངོས་འཛིན་དངོས་སྒྲུབ་བཅས་ཀྱི་སྤྱིའི་བླང་བྱར་རྒྱུས་ལོན་ཟབ་མོ་བྱེད་དགོས་པ་དང་། སྐོར་གཅིག་ཅན་དྲུག་གི་བྱ་བའི་བླང་བྱ་དང་དམངས་ཕན་བྱེད་སྒོ་བདུན་ཏན་ཏིག་གིས་སྤེལ་དགོས་པར་མ་ཟད། བྱ་བའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་གནད་དོན་གྱི་ཁྲིད་ཕྱོགས་བརྟན་པོར་འཛུགས་དགོས་ལ། ལྟ་བཤེར་དང་དག་ཐེར་ལེགས་བཅོས་ལ་ཤུགས་བསྣན་ནས་གནད་དོན་ཤེས་མ་ཐག་ཏུ་ལེགས་བཅོས་བྱེད་པ་དང་། མྱུར་དུ་ལག་བསྟར་དང་མྱུར་དུ་དག་བཅོས་བྱེད་པ། གོ་རིམ་འཐུས་ཚང་དུ་གཏོང་བ། མ་ལག་ཆ་ཚང་འཛུགས་པ་བཅས་བྱས་ནས་དུས་ཐོག་ཏུ་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་སྤྱི་སྡོམ་དང་ཁྱབ་གདལ་བཏང་སྟེ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། འཕྲིན་བཅར་བྱ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ་དང་། འཕྲིན་བཅར་གྲངས་རིག་སྟེགས་བུ་དང་མཉམ་འབྲེལ་གྲོས་མོལ་རྐྱེན་སྲོལ་བེད་སྤྱོད་བཟང་བོ་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་གནད་དོན་དང་འགལ་བ་ཐག་གཅོད་བཟང་བོ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དོན་དག་དང་རེ་འདུན་གཉིས་ཀ་ཐག་གཅོད་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན།
མུ་མཐའ་མེད་པའི་བྱེ་ཐང་དུ་ས་འདྲུད་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་ལ་དང་ལྕོག་རིང་མཁའ་དབྱིངས་སུ་དཔྱངས་ནས་ལས་གཞི་འཛུགས་སྐྲུན་ཡུལ་དངོས་སུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་འདུག ཝུའུ་ཞའོ་ཅུན་ཀྲུང་ཁུང་གཏེར་ལེན་ཁའི་སྟོང་ཝ་འབུམ་གསུམ་ཁྲི་ལྔའི་འོད་ནུས་གློག་འདོན་ལས་གཞི་འཛུགས་སྐྲུན་ཡུལ་དངོས་དང་མཚོ་སྔོན་གཏེར་ལེན་ཁའི་རིག་རྩིས་ལྟེ་གནས་སོགས་སུ་སོང་ནས་བཟོ་སྐྲུན་གྱི་ལས་རིམ་དང་འཕེལ་རྒྱས་མདུན་ལྗོངས་ལ་རྒྱུས་ལོན་བྱས། ཝུའུ་ཞའོ་ཅུན་གྱིས་ཐོན་ཁུངས་དགེ་མཚན་ལ་བརྟེན་ནས་དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས་པ་དང་། ལས་གཞི་འཛུགས་སྐྲུན་གྱི་སྤུས་ཚད་དང་བདེ་འཇགས་ལས་དོན་དམ་འཛིན་ནན་མོ་བྱེད་པ། གནད་འགག་ལག་རྩལ་གྱི་མཁྲེགས་གཏོར་དང་རིམ་འཇུག་ཇེ་མགྱོགས་སུ་གཏོང་བ། གནད་འཁེལ་ཚོང་འགུག་ལ་དམིགས་ནས་ཧུས་ཐག་སྒོས་ལས་རིགས་ཀྱི་དཔེ་མཚོན་བཟོ་སྐྲུན་འཛུགས་སྐྲུན་བཅས་བྱས་ཏེ་འོད་ནུས་ཐོན་ལས་སྟོབས་ཆེར་གཏོང་དགོས། རྩིས་ནུས་ཁེ་ལས་དང་གློག་དྲའི་ཁེ་ལས། གློག་འདོན་ཁེ་ལས་བཅས་ཀྱི་མཐུན་སྦྱོར་མཉམ་འགུལ་ལ་སྐུལ་འདེད་བཏང་ནས་རྩིས་ཤུགས་ལྟེ་གནས་ཀྱི་ནུས་བཀོལ་གོ་རིམ་དང་ལས་འགན་བཀོད་གཏོང་ལེགས་སྒྱུར་བྱེད་པ་དང་། རྩིས་ནུས་དང་གློག་ཤུགས་གནད་འཁེལ་བཀོད་སྒྲིག་བྱས་ནས་ལྗང་མདོག་རྩིས་གློག་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། དེའི་སྐབས་སུ། ཝུའུ་ཞའོ་ཅུན་གྱིས་ཚྭ་མཚོའི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་གནས་ཚུལ་ལ་ཉན་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་པའི་དམིགས་འབེན་ལ་དམིགས་ནས་ཐོན་ཁུངས་ལེགས་སྒྲིག་དང་གསར་གཏོད་སྐུལ་སྤེལ་ལ་ཤུགས་སྣོན་པ། ལྟ་སྐུལ་དོ་དམ་ནུས་པ་མཐོར་འདེགས་གཏོང་བ། ཐོན་ལས་གཞི་གྲངས་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་གཏོང་བ་བཅས་བྱས་ནས་ཚྭ་མཚོའི་ཐོན་ལས་སྔར་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
བརྙན་འཕྲིན་ཟློས་གར《བླ་ཤིང》ཁྲོད་ཀྱི་གཏེར་ལེན་ཁ་གྲོང་ཁྱེར་ཁུ་ལུའུ་ཁུ་གྲོང་རྡལ་གྱི་བརྙན་ཕབ་བྱེད་སའི་མིང་གྲགས་ཇེ་མཐོར་སོང་ནས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་འབུམ་གཅིག་དང་ཁྲི་ལྔ་ལ་སྣེ་ལེན་བྱས། ཝུའུ་ཞའོ་ཅུན་གྱིས་བརྙན་ཕབ་བྱེད་སའི་འཛུགས་སྐྲུན་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཡུལ་སྐོར་པའི་མཛེས་ལྗོངས་ལ་རོལ་བའི་ཉམས་ལེན་ཞིབ་ཏུ་དྲིས། ཝུའུ་ཞའོ་ཅུན་གྱིས་སྤུས་ལེགས་རིག་གནས་སྒྱུ་རྩལ་བརྩམས་ཆོས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བཟོ་ལས་ཡུལ་སྐོར་དང་སྐྱེ་ཁམས་ཡུལ་སྐོར། དམར་པོའི་ཡུལ་སྐོར་བཅས་དང་མཉམ་འདྲེས་ཟབ་མོ་ཡོང་བར་བྱེད་པ་དང་། རྒྱུན་ཆད་མེད་པར་རིག་གནས་ཀྱི་ནང་སྙིང་སྔོག་འདོན་དང་འཛད་སྤྱོད་ཀྱི་ལས་རྣམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཡུལ་སྐོར་ཉམས་ལེན་མཐོར་འདེགས་གཏོང་བ། དམངས་ཕྱུག་དང་འབབ་འཕར་གྱི་བྱེད་ཐབས་གསར་པ་རྒྱུན་མཐུད་ངང་རྒྱ་བསྐྱེད་པ་བཅས་བྱས་ནས་མཚོ་ནུབ་ཀྱི་ཡུལ་སྐོར་མིང་བྱང་གསར་པ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
ལིའུ་ཆི་ཧྥན་དང་ལིའུ་ཐའོ་འབྲེལ་ཡོད་རྟོག་ཞིབ་ལ་ཞུགས།