
ཟླ4པའི་ཚེས1ཉིན་གྱི་རྒྱལ་སྤྱིའི་འདབ་ཆགས་ཉིན་མོར། གསར་འགོད་པས་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱི་སྣོད་བཅུད་བདག་སྐྱོང་པ་ཝང་ཡན་མིང་དང་མཉམ་དུ་ཆུ་བྱ་ལྟ་ཞིབ་ཚད་ལེན་གྱི་བྱ་བ་སྤེལ།

མཚོ་སྔོན་པོ་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་དུ་གནས་ཤིང་མཚོ་འཕགས་ལ་སྨི3200ཙམ་ཡོད། ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཆེ་ཤོས་དང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན།

གནས་དེའི་ཆུ་ཁོངས་རྒྱ་ཆེ་ཞིང་བརླན་ས་མོད་པ། རྩྭ་ཆུ་འཛོམས་པས་དུས་བྱ་མང་པོའི་གནས་སྤོ་ལམ་ཐིག་གི་ངལ་གསོ་ས་དང་སྐྱེ་འཕེལ་གནས་གཙོ་བོ་ཞིག་ཡིན་སྟབས“དུས་བྱའི་ལྷ་ཡུལ”ལྟ་བུ་ཞིག་ཏུ་གྱུར་ཡོད། ལོ་རེའི་དཔྱིད་དུས་ཆུ་བྱ་ཁྲི་ཕྲག་མང་པོ་ཕྱིར་ལོག་ནས་དེ་གར་འཚོ་སྡོད་བྱེད་བཞིན་ཡོད།

ཝང་ཡན་མིང་གིས་རྒྱང་ཤེལ་གྱིས་བལྟས་ནས“ཁྱོད་ཚོས་ལྟོས་དང་། ཁྲུང་ཁྲུང་མགོ་ཁྲ་ཐོན་འདུག” ཟེར། ཁྲུང་ཁྲུང་མགོ་ཁྲ་ཁྱུ་དང་ཁྱུ་བྱས་ནས་མཚོ་ཁུག་ཏུ་བྱ་སྒྲོ་འོད་ལམ་མེར་བག་ཡངས་ཀྱིས་གཟན་འཚོལ་བཞིན་འདུག

ཁོ་ཚོས་ལན་རེར་གཤོག་སྒྲོའི་གར་ལ་རྩེན་པ་དང་ལན་རེར་མགོ་བོས་ཕྱོགས་བཞིར་བལྟ་བཞིན་དོགས་ཟོན་བྱེད་བཞིན་མཆིས།

ཝང་ཡན་མིང་གིས་གཞི་གྲངས་འགོད་ཞོར་དུ་གསར་འགོད་པར་ངོ་སྤྲོད་ཞུ་རྒྱུར།“ད་ལོའི་ཁྲུང་ཁྲུང་མགོ་ཁྲ་སྐོར་ཁག་དང་པོ་ཟླ3ཚེས3ཉིན་མཚོ་སྔོན་པོར་སླེབས་པ་དང་། ད་སྔར་ཁྲུང་ཁྲུང་མགོ་ཁྲ3500ལྷག་ཡོད”ཟེར།

ཁྲུང་ཁྲུང་སྐེ་ནག་ཟླ3ཚེས26ཉིན་ལྟ་ཞིབ་ཚད་ལེན་ཐོག་མ་བྱས་ཤིང་སྔོན་དཔག་ལྟར་ན་ཟླ4པའི་ཟླ་དཀྱིལ་དུ་མཚོ་སྔོན་པོའི་ཆུ་བྱ་ཚང་མ་གནས་འདིར་འཛོམས་ནས་འཚོ་སྡོད་བྱ་ངེས།

ཤེས་རྟོགས་བྱུང་བར་གཞིགས་ན། ད་སྔ་མཚོ་སྔོན་པོར་ཆུ་བྱ་ཁྲི60.6ལྷག་ཙམ་བསྡོམས་རྩིས་བྱས་ཡོད་ཅིང་། ཁྲུང་ཁྲུང་མགོ་ཁྲ་དང་ངང་སྐྱ། བྱ་གག་མགོ་ལྗང་། ཁྲུང་ཁྲུང་སྐེ་ནག་སོགས་ལྷོ་ཕྱོགས་ནས་འཕུར་ཡོང་སྟེ་གནས་འདིར་སྐྱེ་འཕེལ་གྱི་ལས་མཐའ་དག་འགྲུབ་པར་བྱས།

ལོ་འདི་གར་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན། མཚོ་སྔོན་པོའི་ཆུ་བོ་དྭངས་ཤིང་གཙང་ལ་སྔོ་ལྗང་སྔར་ལས་སྐྱེས་པ་དང་འདབ་ཆགས་སྔར་ལས་འཕེལ་ཡོད། མཚོ་སྔོན་པོ་མཐའ་འཁོར་གྱི་འབྲོག་པ་མང་ཚོགས་དང་འདབ་ཆགས་མཐོ་སྒང་འདིར་ཞི་མཐུན་མཉམ་གནས་ཀྱིས་འཚོ་སྡོད་བྱེད་བཞིན་ཡོད།

དཔྱིད་དུས་མཚོ་མོའི་དར་ཁ་འབྱེད་དེ་བྱ་ཚོགས་ཕྱིར་ཕེབས་སྲིད། འདི་ནི་ལོ་ངོ་ཁྲི་སྟོང་ལ་རྒྱུན་བསྐྱངས་པའི་དུས་བཅད་ཅིག་དང་། མཚོ་སྔོན་པོའི་དཔྱིད་ཀར་བྲིས་པའི་ཆེས་ཡིད་སེམས་འགུག་པའི་སྙན་ངག་ཅིག་ཡིན་ནོ། །