ཡུལ་ཤུལ་ཁུལ་གྱི་གེ་སར་སྒྲུང་གི་ཡུལ་སྐད་བརྒལ་བའི་གཞི་གྲངས་མཛོད་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་བླངས་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཉེ་ཆར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གེ་སར་སྒྲུང་གི་ཡུལ་སྐད་བརྒལ་བའི་གཞི་གྲངས་མཛོད་འཛུགས་སྐྲུན་གཞུང་ལས་ཁང་ནས་གཏམ་བཟང་ཐོས་པ་ལྟར་ན། གེ་སར་སྒྲུང་གི་ཡུལ་སྐད་བརྒལ་བའི་གཞི་གྲངས་མཛོད་འཛུགས་སྐྲུན་ལས་གཞིའི་དུས་རིམ་གཉིས་པར། སྒྲུང་དཔེ་དགུ་ཡི་སྒྲུང་བཤད་ཀྱི་སྒྲ་གཟུགས་ཕབ་བསྐྲུན་ལེགས་འགྲུབ་བྱུང་ཡོད། འདིས་སྒྲུང་བཤད་ཀྱི་གཞི་གྲངས་ཇེ་མང་དང་སྒྲུང་རྟ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་སོགས་སྒྱུ་རྩལ་གྱི་ཡིད་འགུག་ནུས་པ་ཐད་ནས་ཐོལ་བརྒལ་བྱུང་བ་དང་སྤུས་ཚད་ཀྱང་ཇེ་མཐོར་འགྲོ་བ་མཚོན་ཐུབ།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གེ་སར་སྒྲུང་གི་ཡུལ་སྐད་བརྒལ་བའི་གཞི་གྲངས་མཛོད་འཛུགས་སྐྲུན་ལས་གཞིའི་དུས་རིམ་དང་པོའི་ལས་གཞི་དེ་སྤྱི་ལོ2025ལོའི་ཟླ11པར་ཆེད་མཁས་པས་ཞིབ་དཔྱད་རྩིས་ལེན་བྱས། དེ་ནི་ཀྲུང་གོའི་གེ་སར་སྒྲུང་གི་ཡུལ་སྐད་བརྒལ་བའི་གཞི་གྲངས་མཛོད་ཐོག་མར་གྱུར་ཏེ། དེབ24དང་། ཡིག་འབྲུ་ཁྲི310ལྷག སྒྲུང་བཤད་དུམ་བུ1020ལྷག་ཙམ་གྱི་རྒྱུ་ཆ་གཙོ་བོ་བསྡུ་རུབ་བྱས་ནས། གེ་སར་སྒྲུང་གི་སྲུང་སྐྱོ་དང་ཞིབ་འཇུག་ཐད་ལ་དཔྱད་གཞི་ལེགས་པོ་འདོན་སྤྲོད་བྱས་པ་རེད།

དུས་རིམ་གཉིས་པརསྒྲུང་དཔེ་དགུ་ཡི་སྒྲུང་བཤད་ཀྱི་སྒྲ་གཟུགས་ཕབ་བསྐྲུན་བྱས་ཤིང་། པར་གཞི་དང་རྣམ་པ་མི་འདྲ་བའི་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་ལ། དེར་ཨ་མདོའི་ཡུལ་སྐད་ཀྱི་པར་གཞི་གཉིས་དང་། དབུས་གཙང་ཡུལ་སྐད་ཀྱི་པར་གཞི་གཅིག །སྒྲུང་པའིཁྱིམ་རྒྱུད་ཀྱིས་རྒྱུན་འཛིན་བྱས་པའི་པར་གཞི་གཉིས། བྱིས་པའི་པར་གཞི་གཉིས། བབས་སྒྲུང་པའི་སྒྲུང་བཤད་ཀྱི་པར་གཞི་གཅིག །སྒྲུང་ཡིག་དཔྱད་བརྗོད་ཀྱི་པར་གཞི་གཅིག་བཅས་ཚུད་འདུག

ཐེངས་འདིར་དུས་རིམ་དང་པོའི་ལས་གཞིའིསྒྲུང་དཔེགཅིག་ལ་ཡུལ་སྐད་མི་འདྲ་བ་གསུམ་གྱི་མཉམ་བསྲེསསྒོས་བཤད་པའིརྣམ་པ་དང་མི་འདྲ་བར། ཡུལ་སྐད་གཅིག་གིསསྒྲུང་དཔེགཅིག་བཤད་བྱེད་པའིཐབསལམ་སྤྱད་ཡོད་པས། ཡུལ་སྐད་སོ་སོའི་སྒྲུང་བཤད་ཀྱི་རྣམ་པ་ཚང་ཅན་དུ་གྱུར་པར་མ་ཟད། རྗེས་མར་ཡུལ་སྐད་ཀྱི་ཞིབ་བསྡུར་ཞིབ་འཇུག་དང་ཡུལ་ཁོངས་ལས་བརྒལ་ནས་ཁྱབ་སྤེལ་བྱ་རྒྱུར་ཚན་རིག་དང་མཐུན་པའི་རྨང་གཞི་བཏིང་ཡོད།

གཞི་གྲངས་མཛོད་འཛུགས་སྐྲུན་གྱི་ཆེད་ལས་རང་བཞིན་དང་སྒྱུ་རྩལ་རིན་ཐང་ཆེ་རུ་གཏ་ཆེད། ལས་གཞི་ཚོགས་པས་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན་སོགས་སུ་སྐད་གྲགས་ཆེ་བའི་སྒྲུང་པ་རྒན་་དང་། དར་མ། གཞོན་ནུ། བྱིས་པ་བཅས་མི་རབསམི་འདྲ་བ་བཞི་གདན་འདྲེན་བྱས་ཏེ་སྒྲུང་བཤད་ཀྱི་སྒྲ་གཟུགས་ཕབ་བསྐྲུན་བྱས་ལ། སྒྲུང་པའི་ཁྱིམ་རྒྱུད་ཀྱི་པར་གཞི་དམིགས་སུ་བཀར་ཞིང་། སྒྲུང་པའི་ཁྱིམ་རྒྱུད་ཀྱི་སྒྲུང་པ་སྐོར་ཞིག་གདན་དྲངས་ནས་ཁྱིམ་ཚང་རེ་ཚན་པར་བྱས་ཏེ་དེབ་རྐྱང་གི་སྒྲུང་བཤད་སྒྲ་གཟུགས་ཀྱི་ཕབ་བསྐྲུན་ཡང་ལེགས་འགྲུབ་བྱུང་ཡོད་དོ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།