མཚོ་ནུབ་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དཔྱིད་སྟོན་གུང་གསེང་ཐོག་མ་གཏང་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ4པའི་ཚེས18ཉིན་གསར་འགོད་པས་མཚོ་ནུབ་ཁུལ་སློབ་གསོ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ནུབ་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་གྱི་འོས་འགན་སློབ་གསོའི་དུས་རིམ(ལོ་རིམ་དང་པོ་ནས་བརྒྱད་པ་བར)གྱི་སློབ་གྲྭ་ཆུང་འབྲིང་གི་སྟོན་དཔྱིད་གུང་གསེང་གཏོང་བའི་ལམ་ལུགས་སྔོན་ལ་ལག་བསྟར་བྱས་པ་དང་། དེ་ནི་མཚོ་ནུབ་ཁུལ་གྱིས་སློབ་གསོ་མི་སྐྱོང་གི་ཆོས་ཉིད་ལ་གཞི་ཚུགས་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་བཏོན་པའི་དམངས་འཚོའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། མཚོ་ནུབ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་གུང་གསེང་ཇེ་ལེགས་སུ་གཏོང་བའི་བཅོས་སྒྱུར་གྱི་གསར་གཏོད་བྱེད་ཐབས་ཤིག་ཀྱང་ཡིན་པས། ཁུལ་ཡོངས་ཀྱི་རྒྱ་ཆེའི་དགེ་སློབ་དང་ཁྱིམ་བདག་རྣམས་ཀྱིས་ཁྱད་ཆོས་ལྡན་པའི་གུང་གསེང་ཐུང་ངུ་ཞིག་ཐོག་མ་མཉམ་དུ་རོལ་ཐུབ་རྒྱུ་རེད།

བཀོད་སྒྲིག་བྱས་པ་ལྟར་ན། 2026ལོའི་མཚོ་ནུབ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་དཔྱིད་ཀའི་གུང་གསེང་ནི་ཟླ4པའི་ཚེས27ཉིན་ནས་ཚེས30ཉིན་བར་ཡིན་ལ་བསྡོམས་པས་ཉིན4ཡོད་པ་དང་། ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་གུང་གསེང་དང་སྦྲེལ་ཚེ་བསྡོམས་པས་ཉིན11རིང་ལ་ངལ་གསོ་ཡོད། སྟོན་ཀའི་གུང་གསེང་ནི་ཟླ9པའི་ཚེས28ཉིན་ནས་ཚེས30ཉིན་བར་ཡིན་ལ་བསྡོམས་པས་ཉིན3ཡོད་པ་དང་། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གཉིས་སྦྲེལ་ཚེ་བསྟུད་མར་ཉིན13རིང་གི་ངལ་གསོ་ཡོད། གུང་གསེང་ཧ་ཅང་རིང་པོ་དེ་ཚྭ་འདམ་གཞོང་སའི་སྟོན་དཔྱིད་དུས་ཚིགས་གཉིས་ཀྱི་རང་བྱུང་མཛེས་ལྗོངས་དང་གནམ་གཤིས་ཀྱི་ཁྱད་ཆོས་དང་བསྟུན་ཞིང་། སློབ་ཁྲིད་ལ་སྙོམས་སྒྲིག་ལུགས་མཐུན་བྱས་ནས་དགེ་སློབ་ཚོར་ལུས་སེམས་ལྷོད་གཡེང་དང་ལག་ལེན་རྒྱ་ཆེར་གཏོང་བར་རྩ་ཆེའི་དུས་ཚོད་མཁོ་འདོན་བྱས་ཡོད།

སྟོན་དཔྱིད་གུང་གསེང་ལམ་ལུགས་བརྟན་པོའི་ངང་ལག་བསྟར་བྱ་ཆེད། མཚོ་ནུབ་ཁུལ་གྱིས་ཇུས་གཞི་ཞིབ་ཕྲ་བཟོས་ནས་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ལས་ཁུངས་མང་པོའི་མཉམ་ཤུགས་གྲུབ་པར་བྱས་ཏེ་སྟོན་དཔྱིད་གུང་གསེང་ལམ་ལུགས་ལག་བསྟར་ལེགས་པོ་བྱ་རྒྱུར་འགན་སྲུང་བྱས།  སློབ་གསོ་ལས་ཁུངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་སློབ་སྐབས་གཅིག་གི་སློབ་ཁྲིད་འཆར་གཞི་ལེགས་སྒྲིག་བྱས་ཏེ་སློབ་ཁྲིད་ལས་འགན་ལེགས་འགྲུབ་ཡོང་བར་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག“1530+111”ལམ་སྲོལ་འདོན་སྤེལ་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་དང་། ཟས་རིགས་བདེ་འཇགས། ཆུ་ནང་དུ་ལྷུང་བ་སྔོན་འགོག་སོགས་བདེ་འཇགས་སྔོན་འགོག་བྱེད་ཐབས་དམིགས་སུ་བཟུང་སྟེ་དྲིལ་སྒྲོག་སློབ་གསོའི་བྱ་བ་སྤེལ། 

སྤྱི་ཁྱབ་བཟོ་ཚོགས་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་སོགས་ཀྱིས་ལས་ཁུངས་ཀྱི་ལེགས་ཆར་བརྟེན་ནས་སྟོན་དཔྱིད་གུང་གསེང་སྐབས་ཀྱི་བྱིས་གཉེར་དོ་དམ་ཞབས་ཞུ་ལག་བསྟར་བྱས།  རིག་གནས་ཡུལ་སྐོར་དང་སྤྱི་བདེ། འགྲིམ་འགྲུལ་སོགས་ལས་ཁུངས་ཀྱིས་མཛེས་ལྗོངས་ཁུལ་གྱི་བདེ་འཇགས་ཐད་ཀྱི་དོ་དམ་ཚོད་འཛིན་དང་། ལམ་གྱི་གནས་ཚུལ་ཐད་ཀྱི་སྔོན་བརྡ། དེ་བཞིན་སྤྱི་པའི་ཞབས་ཞུའི་འགན་སྲུང་བཅས་ལ་ཤུགས་བསྣན་ནས“སྦྲེལ་ཐག་ཡོངས”ལ་འགན་སྲུང་གི་དྲ་རྒྱ་དམ་པོ་བཟོས།

ཐེངས་འདིའི་དཔྱིད་སྟོན་གུང་གསེང་ནི་སློབ་གྲྭས་སྐབས་བསྟུན་གཟའ་འཁོར་ལ་བརྟེན་ནས་ལག་བསྟར་བྱེད་པ་ཁོ་ན་ལས་དབྱར་དགུན་གུང་གསེང་གི་དུས་ཡུན་ལ་ཤུགས་རྐྱེན་ཐེབས་མེད།  གུང་གསེང་དེ་གཉིས་ཀྱི་སྐབས་ལ་སློབ་གསོ་ལས་ཁུངས་ཀྱིས“ཁུར་པོ་ཇེ་ཡང་དང་ཕན་འབྲས་ཆེ་རུ་གཏོང་བའི”འདུ་ཤེས་དར་སྤེལ་བཏང་སྟེ་དགེ་རྒན་གྱིས་ཡིག་ཐོག་གི་ལས་བྱ་ཇེ་ཉུང་དུ་གཏོང་བར་སྐུལ་མ་བཏང་སྟེ་སློབ་མ་སློབ་ཁང་ནས་ཕྱིར་སྐྱོད་པར་ཁྲིད་སྟོན་བྱས་ཏེ། ཚྭ་འདམ་གཞོང་སའི་རང་བྱུང་མཛེས་ལྗོངས་དང་དམངས་སྲོལ་རིག་གནས་ལ་མྱོང་རོལ་བྱེད་པའི་ཁྲོད་སྤྱི་ཚོགས་ལག་ལེན་དང་། ཞིབ་འཇུག་དང་སློབ་སྦྱོང་ཉམས་ལེན་བཅས་བྱས་ཏེ་ལྟ་ཞིབ་ཟིན་ཐོ་དང་ལག་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད་མཐོང་རྒྱ་ཆེ་རུ་གཏོང་བར་ཁྲིད་སྟོན་བྱ་རྒྱུ། 

ཁུལ་དེའི་སློབ་གསོ་ཅུའུ་ཡིས་མཐོ་སྒང་གི་ཁྱད་ཆོས་ལ་དམིགས་ཏེ་དཔྱིད་ཀའི་གུང་གསེང་རིང་དུ་ས་བབ་མཐོ་བའི་ས་ཁུལ་ཁག་གི་གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་བྱས་ནས་དྲོད་སྲུང་དང་འགྲིམ་འགྲུལ་བདེ་འཇགས་འགོག་སྲུང་ཡག་པོ་བྱེད་དགོས་པ་དང་།  སྟོན་ཀའི་གུང་གསེང་ནི་ཡུལ་སྐོར་མང་བའི་དུས་ཚིགས་ཡིན་པས་ས་གནས་དེའི་སློབ་མ་རྣམས་ཡུལ་སྐོར་གྱི་དུས་བཟང་གཡོལ་ནས་ཕྱིར་སྐྱོད་པ་དང་གསར་སྤེལ་བྱས་མེད་པའི་ས་ཁོངས་སུ་སྐྱོད་མི་ཆོག་པའི་བླང་བྱ་བཏོན་པ་དང་།  དེ་དང་ཆབས་ཅིག་ཁྱིམ་བདག་གིས་ཕྱིར་སྐྱོད་ཀྱི་དུས་ཚོད་འཆར་འགོད་ལུགས་མཐུན་བྱས་ནས་ཕྲུ་གུར་ཆོས་ཉིད་དང་མཐུན་པའི་ངལ་གསོ་རྒྱུན་འཁྱོངས་ཐུབ་པར་ཁྲིད་སྟོན་བྱས་ཏེ་བདེ་འཇགས་དང་། ཕུན་སུམ་ཚོགས་པ། བདེ་ཐང་བཅས་ཀྱི་གུང་གསེང་གཏོང་ཐུབ་པར་འགན་སྲུང་བྱེད་དགོས་པའི་སྐོར་ནས་དྲན་སྐུལ་གནང་།  

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།