ཉེ་ཆར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་འོད་གསལ་ཞང་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། དམིགས་བསལ་བའི་སློབ་མའི་གཅེས་སྐྱོང་དང་ཁྲིམས་སྐྱོང་། བདེ་ཐང་སློབ་གསོ་དྲིལ་སྒྲོག་བྱེད་རྒྱུ་དེ་དམངས་འཚོའི་གཙོ་གནད་དུ་བཟུང་ནས། མི་སྣ་རྩ་འཛུགས་བྱས་ནས་སྡེ་བ་དང་ཁྱིམ་ཚང་དུ་འགྲོ་རུ་བཅུག་སྟེ། བདེ་འཇགས་ཤེས་བྱ་དང་ཐུགས་ཁུར་དྲོན་མོ་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱལ་ནས། ན་གཞོན་ཚོ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས།
འོད་གསལ་ཞང་གིས་ཁྲིམས་འཛིན་སུའོ་དང་། མངག་གཏོང་ཁང་། ཞང་གི་བཅའ་སྡོད་སློབ་གྲྭ་སོགས་ཕྱོགས་མང་པོའི་སྟོབས་ཤུགས་དང་མཉམ་འགུལ་བྱས་ཏེ་ཁྱིམ་ཚབ་དུ་སོང་ནས་འཆད་འགྲེལ་བྱེད་པ་དང་། སློབ་རའི་སྒྲོག་འགྲེལ། དཔྱད་གཞིའི་ཡིག་ཆ་སྟེར་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པ་དང་སློབ་རའི་བརྙས་བཅོས། འགྲིམ་འགྲུལ་བདེ་འཇགས་སོགས་གཙོ་གནད་ལ་དམིགས་ཏེ། གྱོད་དཔེ་དྲངས་ནས་ཁྲིམས་བཤད་དེ་སློབ་མར་ཁྲིམས་སྐྱོང་གི་འདུ་ཤེས་འཛུགས་པ་དང་འགོག་སྲུང་ནུས་པ་ཇེ་ཆེར་གཏོང་བར་སྣེ་ཁྲིད་པ་དང་། ཁྱིམ་བདག་གི་ལྟ་སྐྱོང་བྱེད་འགན་ལེགས་པོར་བསྒྲུབ་པར་སྐུལ་མ་བཏང་། དེ་དང་ཆབས་ཅིག་ཞང་འཕྲོད་བསྟེན་ཁང་གི་ཆེད་ལས་མི་སྣ་དང་སྡེ་བའི་ལས་བྱེད་པ་ཁྱིམ་ཚང་དང་སློབ་གྲྭར་སོང་སྟེ་རིམས་ནད་སྔོན་འགོག་དང་མིག་སྲུང་སྐྱོང་། སེམས་ཁམས་བདེ་ཐང་སོགས་ཀྱི་ཤེས་བྱ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཁྱབ་གདལ་བཏང་སྟེ། སློབ་མ་དང་ཁྱིམ་བདག་གི་བདེ་ཐང་འགོག་སྲུང་གི་འདུ་ཤེས་ཕྱོགས་ཡོངས་ནས་མཐོ་རུ་བཏང་། “ཞང་དང་སྡེ་བ། འཕྲོད་བསྟེན་ཁང”བཅས་རིམ་པ་གསུམ་གྱི་མཉམ་འགུལ་འགན་གཙང་ལེན་ནང་རྐྱེན་བཙུགས་ནས་ནད་ཕོག་ཡོད་པའི་སློབ་མར“མི་རེར་ཡིག་ཚགས་རེ་དང་། མི་རེར་ཐབས་ཇུས་རེ”ལག་བསྟར་བྱས་ནས་ནད་བརྟག་སྨན་བཅོས་དང་། རྗེས་འདེད་བཅར་འདྲི། སེམས་ཁམས་སྙོམས་སྒྲིག་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས།
གཞན་ཡང་འོད་གསལ་ཞང་གིས་དམིགས་བསལ་ཁྱིམ་ཚང་གི་སློབ་མར་ཆ་ཡོངས་ནས་ཞིབ་བཤེར་བྱས་ལ། ཁྱིམ་ཚང་དང་སློབ་གྲྭ་མཉམ་འབྲེལ་སྒོས་དམིགས་བསལ་སློབ་མ80འཚོལ་ཞིབ་བྱས་ཏེ་འཚམས་འདྲི་དང་སློབ་སྦྱོང་ཟུར་ཁྲིད། འགལ་བ་འདུམ་སྒྲིག་བྱེད་པ། སློབ་སྒོར་བསྐྱར་འགྲིམས་སོགས་ཀྱི་རོགས་སྐྱོར་བྱེད་ཐབས་རིགས་དབྱེ་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་སློབ་གྲྭར་འགྲོ་མཚམས་མི་ཆད་པ་དང་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱས། དེ་དང་ཆབས་ཅིག་ཉེ་བའི་ལོ་ངོ་གསུམ་རིང་གི་སློབ་ཆེན་མཐར་ཕྱིན་སློབ་མའི་ཆ་འཕྲིན་འཚོལ་ཞིབ་བྱེད་པ་དང་། ས་གནས་ཀྱི་ཤེས་ལྡན་མི་སྣའི་མཛོད་འཛུགས་པ། ལས་ཞུགས་སྲིད་ཇུས་དང་ལས་རྐང་གནད་འཁེལ་སྒོས་འདོན་སྤེལ་བྱས་ཏེ་ན་གཞོན་རྣམས་ཕྱིར་ཕ་ཡུལ་དུ་ལོག་ནས་གཞི་རིམ་ལ་ཞབས་འདེགས་ཞུ་བར་ཁྲིད་སྟོན་བྱས།
རྗེས་ཕྱོགས་འོད་གསལ་ཞང་གིས་མུ་མཐུད་དུ་འགན་འཁྲི་ནན་གཅགས་དང་། ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་གཏོང་བ། སློབ་མའི་བདེ་འཇགས་དྲིལ་སྒྲོག་དང་། དམིགས་བསལ་ཁྱུ་ཚོགས་ལ་ཐུགས་ཁུར་གནང་བ་སོགས་ཀྱི་ལས་དོན་ཟབ་སྤེལ་བཅས་ཀྱི་བྱེད་ཐབས་དངོས་ལ་བརྟེན་དམངས་འཚོའི་ཚད་མཐའ་སྲ་བརྟན་དུ་བཏང་ནས། ན་གཞོན་གྱི་འཚར་ལོངས་དང་ཞང་ཡོངས་སྤུས་ཚས་མཐོན་པོས་འཕེལ་རྒྱས་འགྲོ་བར་འགན་སྲུང་བྱ་རྒྱུ་རེད། །