གློག་འཕྲིན་དྲ་རྒྱའི་མགོ་སྐོར་གྱི་གྱོད་དོན་འབྱུང་མང་བའི་རྣམ་པ་བཀག་འགོག་བྱེད་པ་དང་། མངའ་ཁོངས་ཀྱི་བདེ་འཇགས་སྔོན་འགོག་གི་འཛིང་རགས་དམ་པོར་བསྐྲུན་ཆེད། ཉེ་ཆར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་སྤྱི་བདེ་ཅུས་གཙང་སྐོར་ཞོལ་མ་ཞང་མངགས་གཏོང་ཁང་གིས་རང་འགུལ་ངང་གློག་འཕྲིན་དྲ་རྒྱའི་མགོ་སྐོར་འགོག་ཟོན་ཤེས་བྱའི་དྲིལ་སྒྲོག་ཆེད་དོན་ཚོགས་འདུ་འཚོགས།
ཚོགས་ཐོག་ཏུ། མངགས་གཏོང་ཁང་གི་འགན་འཁུར་མི་སྣས་དེང་གི་གློག་འཕྲིན་མགོ་སྐོར་གྱི་གནས་བབ་དང་། ཁྱད་ཆོས་གསར་པ་དང་ཟུང་འབྲེལ་བྱས་ཏེ། ཁེ་ཕན་ཕྱིར་སློག་དང་མ་དངུལ་རྫུན་མ་བཏང་ནས་དངུལ་དོན་དོ་དམ་བྱེད་པ། སྤྱི་བདེ་དང་ཁྲིམས་ཁང་སོགས་སུ་བརྫུས་ནས་མགོ་སྐོར་བྱེད་པ། མགོ་ཁྲིད་དང་གཉེན་ཉེར་བརྫུས་པ། དྲ་ཐོག་སྐྱེད་བུན་སོགས་ཀྱི་མགོ་སྐོར་བྱེད་ཐབས་གསར་པ་དང་ཉེས་གསགས་ཀྱི་ཆོས་ཉིད་སྒྲོག་འགྲེལ་གསལ་བོ་བྱས། དེ་མིན་དཔེ་མཚོན་གྱོད་དོན་ལ་དབྱེ་ཞིབ་བྱས་ནས། ངོས་འཛིན་ཐབས་རྩལ་དང་། འགོག་ཟོན་གཙོ་གནད། བྲེལ་བསྟུན་ཐག་གཅོད་ཐབས་ལམ་བཅས་ཁྱབ་སྤེལ་བྱས། དུས་མཚུངས་སུ། གཞི་རིམ་ལས་བྱེད་མི་སྣར་མགོ་སྐོར་འགོག་ཟོན་དྲིལ་སྒྲོག་འགན་འཁུར་འཇོག་པ་དང་། མང་ཚོགས་ལ་སྣེ་ཁྲིད་དང་དྲན་སྐུལ་ཡག་པོ་བྱེད་པ་སོགས་ཀྱི་བྱ་བར་བསམ་བློ་བརྗེ་རེས་དང་བཀོད་སྒྲིག་བྱས། ཞང་དང་སྡེ་བའི་གཞི་རིམ་ལས་བྱེད་པའི་མགོ་སྐོར་འགོག་ཟོན་བྱ་བའི་མཉམ་ཤུགས་སྔར་ལས་མཉམ་རུབ་བྱས་ཏེ། ལས་བྱེད་པའི་མགོ་སྐོར་ངོས་འཛིན་དང་། འགོག་སྲུང་། དྲིལ་སྒྲོག་བྱེད་ནུས་མཐོར་འདེགས་བཏང་།
དགའ་བདེ་རྫོང་སྤྱི་བདེ་ཅུས་གཙང་སྐོར་ཞོལ་མ་མངགས་གཏོང་ཁང་གིས་མུ་མཐུད་དུ་ཞང་དང་སྡེ་བའི་གཞི་རིམ་སྟོབས་ཤུགས་མཉམ་འདོན་དང་། རྒྱུན་རྣམ་ཅན་གྱི་མགོ་སྐོར་འགོག་ཟོན་དྲིལ་སྒྲོག་ཤེས་བྱ་འབྲོག་ཁུལ་དུ་བསྐྱལ་བ་དང་། ཁྱིམ་ཚང་དུ་སྤེལ་ནས། དྲིལ་སྒྲོག་གི་ཁྱབ་ཁོངས་མུ་མཐུད་དུ་ཆེ་རུ་བསྐྱེད་པ་དང་། མགོ་སྐོར་བྱེད་ཐབས་གསར་པར་དམ་པོར་དམིགས་ནས། ལས་བྱེད་པ་དང་མང་ཚོགས་ལ་དུས་ཐོག་ཏུ་ཉེན་བརྡའི་ཆ་འཕྲིན་ཡར་སྤྲོད་དང་། མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་དངོས་གནས་སྲུང་སྐྱོབ་བྱས་ནས། མངའ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་བསྟུད་མར་བརྟན་སྲུང་བྱ་རྒྱུ་རེད། །