རྫོང་མཁར་གྱི་ཁོར་ཡུག་སྔར་ལས་ལེགས་བཅོས་བྱས་ཏེ། དྭངས་གཙང་བག་ཕེབས་དང་བདེ་སྡོད་ལས་སྐྱིད་ཀྱི་ཁོར་ཡུག་ཅིག་བསྐྲུན་ཆེད། ཉེ་སྔོན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཕྱོགས་བསྡུས་ཁྲིམས་བསྟར་ཅུས་ཀྱིས་ཁྲིམས་བསྟར་མི་སྣ་ཡོངས་རྩ་འཛུགས་བྱས་ནས། སྒྲིག་འགལ་བརྡ་ཁྱབ་གཙང་སེལ་གྱི་ཆེད་དོན་འགུལ་སྐྱོད་སྤེལ་ཞིང་། སྒྲིག་འགལ་བརྡ་ཁྱབ་གང་འདོད་དུ་སྦྱར་བ་སོགས་གྲོང་ཁྱེར་གྱི་རྣམ་པར་ཤུགས་རྐྱེན་བཟོ་བའི་སྤྱོད་ལམ་ལ་རྒོལ་རྡུང་ནན་མོ་བཏང་།
ཐེངས་འདིའི་ཆེད་དོན་འགུལ་སྐྱོད་ཀྱིས་རྫོང་མཁར་གྱི་ཚོང་ཁང་དང་གྱང་ངོས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཁྲིམས་བསྟར་མི་སྣ་ཡོངས་ཀྱིས་ལས་བགོས་མཐུན་སྦྱོར་བྱས་པ་དང་། སྲང་ལམ་ཚོང་ཁང་གི་སྒོ་དྲ་མ་དང་གྱང་ངོས། གློག་སྡོང་སོགས་སུ་སྒྲིག་འགལ་ངང་སྦྱར་བའི་བརྡ་ཁྱབ་དག་རེ་རེ་བཞིན་བྲད་ནས་གཙང་མར་བཟོས། དུས་མཚུངས་སུ། ཁྲིམས་བསྟར་མི་སྣས་ཧུར་ཐག་གིས་ཚོང་པ་རྣམས་ལ་དྲིལ་སྒྲོག་ཁ་ཏ་བྱས་པ་དང་། གང་བྱུང་དུ་བརྡ་ཁྱབ་སྦྱར་ན་གྲོང་ཁྱེར་གྱི་རྣམ་པར་ཤུགས་རྐྱེན་ག་འདྲ་ཐེབས་པའི་སྐོར་དང་། གྲོང་ཁྱེར་དོ་དམ་གྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་བཅས་ངང་རྒྱུད་རིང་མོས་གསལ་བཤད་བྱས་ཏེ། ཚོང་པ་རྣམས་ཀྱིས་རང་འགུལ་ངང་གྲོང་ཁྱེར་རྣམ་པ་དོ་དམ་གྱི་གཏན་འབེབས་བརྩི་སྲུང་བྱེད་པ་དང་། རང་འགུལ་གྱིས་སྒོ་མདུན་དང་མཐའ་འཁོར་གྱི་སྒྲིག་འགལ་བརྡ་ཁྱབ་གཙང་སེལ་བྱེད་པར་སྣེ་འདྲེན་བྱས་ཤིང་། རང་འདོད་ཀྱིས་བཀྲམ་ཡིག་སྦྱར་བ་དང་ཚོན་རྩི་བྱུགས་པའི་སྤྱོད་ལམ་གཏན་འགོག་བྱས་ནས་མཉམ་དུ་རྫོང་མཁར་གྱི་ཁོར་ཡུག་ལེགས་པོ་བསྐྲུན།
དགའ་བདེ་རྫོང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས་དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་གྲོང་ཁྱེར་རྣམ་པའི་ནད་ངན་དག་བཅོས་བྱས་ལ། ཕན་ནུས་ལྡན་པའི་ངང་རྫོང་མཁར་གྱི་སྒྲིག་འགལ་བརྡ་ཁྱབ་གཙང་སེལ་བྱས་པས། རྒྱ་ཆེའི་མང་ཚོགས་ཀྱིས་རང་འགུལ་ངང་གྲོང་ཁྱེར་རྣམ་པར་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་མཐོར་བཏང་ཡོད། རྗེས་མར་དགའ་བདེ་རྫོང་ཕྱོགས་བསྡུས་ཁྲིམས་བསྟར་ཅུས་ཀྱིས་མུ་མཐུད་དུ་གྲོང་ཁྱེར་རྣམ་པའི་ཁོར་ཡུག་གི་མྱུལ་ཞིབ་ལྟ་རྟོག་བྱེད་ཤུགས་ཆེ་རུ་བཏང་སྟེ། སྒྲིག་འགལ་ངང་བརྡ་ཁྱབ་སྦྱར་བའི་སྤྱོད་ལམ་ནན་འགོག་དང་དྲིལ་སྒྲོག་སྣེ་འདྲེན་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བ། སྤྱི་ཚོགས་ཡོངས་གྲོང་ཁྱེར་རྣམ་པའི་ཁོར་ཡུག་སྲུང་སྐྱོབ་ཏུ་ཞུགས་པར་སྐུལ་ཏེ། དྭགས་གཙང་དང་དཔལ་ཡོན། བདེ་སྡོད་ལས་སྐྱིད་ཀྱི་ཁོར་ཡུག་བསྐྲུན་པར་འབད་བརྩོན་བྱ་རྒྱུ་རེད། །