ཟླ4པའི་ཚེས15ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་དང་མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཐོག་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་དེ་ཟླ8པའི་ཚེས8ཉིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ལུས་རྩལ་ལྟེ་གནས་སུ་འགོ་རྩོམ་རྒྱུ་ཡིན་པ་དང་། ཟླ8པའི་ཚེས18ཉིན་མཚོ་ནུབ་ཁུལ་མི་རིགས་རིག་གནས་ལུས་རྩལ་བྱེད་སྒོའི་ལྟེ་གནས་སུ་མཇུག་བསྒྲིལ་རྒྱུ་ཡིན་ལ། བསྡོམས་པས་འཐུས་ཚབ་ཚོགས་པ38ཀྱི་ལུས་རྩལ་པ6000ལྷག་འགྲན་བསྡུར་ལ་ཞུགས་རྒྱུ་རེད།
ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ནི་ཞིང་ཆེན་ཡོངས་ཀྱི་ཚད་གཞི་ཆེས་མཐོ་བ་དང་གཞི་ཁྱོན་ཆེས་ཆེ་བ། ཤུགས་རྐྱེན་ཐེབས་རྒྱ་ཆེས་ཆེ་བའི་ལོ་བཞི་ཡི་ནང་སྐབས་གཅིག་རེ་བསྡུ་བཞིན་པའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་ཞིང་ཆེན་ལུས་རྩལ་ཅུས་དང་། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། མཚོ་ནུབ་ཁུལ་སྲིད་གཞུང་གིས་འགན་སྒྲུབ་བྱས་པ་ཞིག་ཡིན། སྐབས་འདིའི་འགྲན་བསྡུར་ནང་བསྡོམས་པའི་འགྲན་བསྡུར་རྣམ་གྲངས་ཆེ་གྲས22དང་རྣམ་གྲངས་ཆུང་གྲས50བཀོད་སྒྲིག་བྱས་ཡོད་པ་དང་། དེ་དག་གཞོན་ནུ་ལོ་ཆུང་གི་རྣམ་གྲངས་དང་། དར་མའི་རྣམ་གྲངས། གངས་འཁྱགས་རྣམ་གྲངས་དང་དབང་པོ་སྐྱོན་ཅན་གྱི་རྣམ་གྲངས་བཅས་རིགས་ཆེན་པོ་བཞིར་དབྱེ་ཡོད། དེའི་ཁྲོད། གཞོན་ནུ་ལོ་ཆུང་གི་རྣམ་གྲངས21དང་དར་མའི་རྣམ་གྲངས་བཅུ་དྲུག དབང་བོ་སྐྱོན་ཅན་གྱི་རྣམ་གྲངས་ཆེན་པོ་ལྔ། གངས་འཁྱགས་རྣམ་གྲངས་བརྒྱད་བཅས་ཡོད།
རྣམ་གྲངས་ཀྱི་དོན་དངོས་ལ་གཞིགས་ནས། རྣམ་གྲངས་ཆེ་གྲས7ས་ཆ་གཞན་ནས་སྒྲུབ་རྒྱུ་ལག་བསྟར་བྱས་པ་དང་། མིག་སྔར་འགྲན་བསྡུར་ཁག་ཅིག་བདེ་བླག་ངང་མཇུག་སྒྲིལ་ཡོད། མཚོ་ནུབ་ཁུལ་འགན་སྒྲུབ་གནས་ཡིན་པའི་ཆ་ནས། གཏེར་ལེན་ཁ་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར། ཝུའུ་ལན་རྫོང་། ཏུའུ་ལན་རྫོང་། ཐེན་ཆེན་རྫོང་བཅས་སུ་མཆོང་རྒྱུག་འཕེན་གསུམ་དང་། བྱ་སྒྲོའི་སྤོ་ལོ། རྒྱལ་སྤྱིའི་རྣམ་པའི་སྦེ་ག ཕའེ་ཆིའུ་སྤོ་ལོ། རྐང་རྩེད་སྤོ་ལོ། ཆུ་རྐྱལ། ཐའེ་ཆོན་དྲག་རྩལ། ཁུར་འཛིང་། གཟེབ་གྲུག ཕིང་ཕང་སྤོ་ལོ། ལྕགས་རྟ། མདའ་འཕེན་པ། པོ་ཁེ་བཅས་བསྡོམས་པའི་རྣམ་གྲངས་ཆེ་གྲས15ཡི་འགྲན་བསྡུར་དང་། དེ་མིན་སྐབས་བཅུ་དགུ་པའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་པ་དང་མཇུག་སྒྲིལ་བའི་མཛད་སྒོ་བཅས་རེད།
གླེང་རིན་ཡོད་པ་ནི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ལས་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་ཞིང་ཆེན་ལུས་རྩལ་འགྲན་ཚོགས་གཉིས་མཉམ་འབྲེལ་སྒོས་སྒྲུབ་རྒྱུ་ཡིན་པ་དང་། གངས་འཁྱགས་རྣམ་གྲངས་ཐོག་དང་པོར་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ནང་བཅུག རྩལ་འགྲན་ལུས་རྩལ་དང་དབང་པོ་སྐྱོན་ཅན་གྱི་ལུས་རྩལ། གངས་འཁྱགས་རྣམ་གྲངས་བཅས་མཉམ་འདྲེས་ལེགས་པོ་བྱས་ནས། དམངས་ཡོངས་ཟབ་ཞུགས་དང་དམངས་ཡོངས་བདེ་ཐང་གི་འདུ་ཤེས་གང་ལེགས་སྒོས་མངོན་དགོས། འགྲན་བསྡུར་བྱེད་སྟངས་དང་འགྲན་བསྡུར་སྒྲིག་ལམ་སྔར་ལས་གཟབ་ནན་དུ་བཏང་ནས། “འཐུས་ཚབ་ཚོགས་པའི་རང་བཤེར་དང་། རྣམ་གྲངས་རྐྱང་པའི་འགྲན་བསྡུར་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར། འགྲན་བསྡུར་གཞུང་ལས་ཁང་གིས་མཐའ་མའི་ཞིབ་བཤེར”བཅས་རིམ་པ་གསུམ་གྱི་ཞིབ་བཤེར་རྐྱེན་སྲོལ་བཙུགས་ཏེ། ཐོ་འགོད་ཐོབ་ཐང་དང་མིང་ཐོ་འགོད་སྐབས་གཟབ་ནན་བྱ་དགོས། ཕྱོགས་ཡོངས་ནས་ངར་ཤུགས་སྐྱེད་སྨན་ལ་ངོ་རྒོལ་བྱེད་པའི་སློབ་གསོ་དང་གསོ་སྦྱོང་། དེ་མིན་འཇུག་འཐུས་བྱ་བ་བཅས་སྤེལ་ནས། “འགྲན་བསྡུར་ལེགས་པོར་སྒྲུབ་པ”དང“འགྲན་ཞུགས་རྣམ་དག་བྱེད་པར”ཁག་ཐེག་བྱ་དགོས།
སྒྲོག་སྤེལ་ཡུལ་དངོས་སུ། ཚོགས་རྟགས་དང་བཀྲ་ཤིས་གཡང་རྟེན། ཚོགས་གླུ་བཅས་བཏོན་པ་དང་བརྗོད་བྱ་གཙོ་བོའི་འབོད་ཚིག་གཏན་འཁེལ་བྱས་ཡོད། སྐབས་འདིའི་འགྲན་བསྡུར་གྱི་བརྗོད་དོན་གཙོ་བོའི་འབོད་ཚིག་ནི“ཞིང་ཆེན་ལུས་རྩལ་འགྲན་ཚོགས། ཚྭ་འདམ་གཞོང་གི་མཇལ་འཛོམས”ཞེས་པ་དེ་ཡིན། དེ་ལས་མཚོ་སྔོན་གྱི་བུ་བུ་མོའི་དཔའ་ཉམས་ཆེ་བའི་གཤིས་རྒྱུད་དང་ལུས་རྩལ་པས་འབད་བརྩོན་གྱི་ཉམས་འགྱུར། ལུས་རྩལ་གྱི་སྙིང་སྟོབས་དང་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་མཉམ་འདྲེས་བྱས་པས། མཚོ་སྔོན་གྱི་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཀྱི་མདུན་ལྗོངས་བརྒྱུད་སྤྲོད་བྱས་ཡོད།