ལུའོ་ཏུང་ཁྲོན་གྱིས་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཧོང་ཅན་ཕིང་དང་རྒྱལ་ཁབ་སྲིན་རྩྭ་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་དབུ་བཞུགས་ཚན་རིག་པ་ལིན་ཀྲན་ཞི་སོགས་ལ་ཐུག་འཕྲད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ4པའི་ཚེས15ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། ལན་ཀྲོའུ་སློབ་ཆེན་གྱི་ཆེད་ཞུས་དགེ་རྒན་ཆེན་མོ་ཧོང་ཅན་ཕིང་དང་། ཧྥུའུ་ཅན་ཞིང་ནགས་སློབ་ཆེན་གྱི་ཞིབ་འཇུག་པ། རྒྱལ་ཁབ་སྲིན་རྩྭ་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་དབུ་བཞུགས་ཚན་རིག་པ་ལིན་ཀྲན་ཞི་སོགས་ལ་ཐུག་འཕྲད་བྱས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཧོང་ཅན་ཕིང་དང་ལིན་ཀྲན་ཞི་སོགས་ལ་དགའ་བསུ་ཞུས། ཁོས་བཤད་རྒྱུར། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་རང་མདངས་གསལ་བོ་དེ་ཡིན།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་རྩོམ་ས་གསར་པར་གཞི་ཚུགས་ཏེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་བྱས་པའི་ཁ་ཕྱོགས་དེད་དེ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། ནུས་ཤུགས་གཅིག་བསྡུས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ།     དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱེད་པར་སྐུལ་འདེད་བཏང་ཚེ། འཕེལ་རྒྱས་ཀྱི་མདུན་ལྗོངས་སྔར་ལས་ཡངས་པོ་ཡོད། ཕྱོགས་གཉིས་ཀྱིས་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས།     ཁོར་ཡུག་བཅས་ཀྱི་ཕན་འབྲས་གཅིག་གྱུར་དམ་ཚགས་ཡོང་བར་བྱས་ཏེ།  སྲིན་རྩྭ་འདེབས་ལས་རྒྱ་ཆེར་སྤེལ་བ་དང་། ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་སོགས་ཁྱབ་ཁོངས་ལ་དམིགས་ནས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། སྐྱེ་ཁམས་བཅོས་སྐྱོང་སླར་གསོ་དང་རྩྭ་ཐང་གི་ཕྱུགས་ལས་འཕེལ་རྒྱས་ཀྱི་སྤུས་འབྲས་ལེགས་གཏོང་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཁྱད་སྟོབས་དེ་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་ཀྱི་ཁྱད་སྟོབས་དང་དམངས་འཚོའི་བདེ་རྩ་རུ་འགྱུར་བར་བྱ་རྒྱུའི་རེ་བ་ཡོད།

ཧོང་ཅན་ཕིང་དང་ལིན་ཀྲན་ཞི་ཡིས་རང་སོ་སོའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ལག་རྩལ་གྲུབ་འབྲས་དང་དེ་མིན་ཁྱབ་གདལ་བེད་སྤྱོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཤེས་ལྡན་མི་སྣ་དང་ལག་རྩལ། སྟེགས་བུ་བཅས་ཀྱི་ཁྱད་སྟོབས་འདོན་སྤེལ་ཧུར་ཐག་བྱས་ཏེ། མཚོ་སྔོན་འཕེལ་རྒྱས་ཀྱི་དགོས་མཁོར་དམ་པོར་དམིགས་ནས། ནུས་ཤུགས་ཡོད་རྒུས་ཚན་ཞིབ་འགག་སྒྲོལ་དང་ཚོད་ལྟ་དཔེ་སྟོན། ལག་རྩལ་ཁྱབ་གདལ་བཅས་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ཚེ་རིང་ཐར་ཐུག་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།