ཟླ4བའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། སྤྱིའི་ནགས་རྩྭའི་དཔོན་ཝུའུ་ཞའོ་ཅུན་དང་། ཧྲིན་ཀྲང་། སྤྱིའི་ནགས་རྩྭའི་དཔོན་ལུའོ་ཏུང་ཁྲོན་གཉིས་ཀྱིས2026ལོའི་སྤྱིའི་ནགས་རྩྭའི་དཔོན་གྱི་བཀའ་རྒྱ་ཨང་གཉིས་པར་ཆོག་མཆན་བཀོད་པ་དང་། ཕྱུགས་འགོག་དོ་དམ་གྱི་སྤུས་འདེགས་དང་ནགས་རྩྭའི་སྐྱེ་ཁམས་སྲ་བརྟན། སྐྱེ་ཁམས་བདེ་འཇགས་འགན་སྲུང་དཀྱིལ་སྙིང་བཅས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ཏེ། 《མཚོ་སྔོན་ཞིང་ཆེན་ལྗང་བསྒྱུར་སྲོལ་ཡིག》སོགས་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་སྲིད་ཇུས་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ས་ཁུལ་གཙོ་བོར་ཕྱུགས་འགོག་དོ་དམ་ཚོད་འཛིན་ལག་བསྟར་བྱས་པ་དང་། འགྱུར་མེད་བྱེད་ཐབས་ལ་བརྟེན་ནས་དོ་དམ་སྲུང་སྐྱོབ་འགན་འཁྲི་ནན་དཀྲི་བྱེད་པ། སྐྱེ་ཁམས་གྲུབ་འབྲས་ལ་སྲུང་སྐྱོབ་བཅས་བྱེད་དགོས།
སྤྱིའི་ནགས་རྩྭའི་དཔོན་གྱིས་གསལ་བོར་བསྟན་དོན། ཕྱུགས་འགོག་ཁྱབ་ཁོངས་ཞིང་ཆེན་ཡོངས་ཀྱི་ཕྱུགས་འགོག་རྩྭ་ཐང་དང་རང་བྱུང་སྲུང་སྐྱོབ་ཁུལ། རྨོ་བསྐྱུར་ནགས་གསོའི་བཟོ་སྐྲུན་ཁུལ། “བྱང་གསུམ”བཟོ་སྐྲུན་དང་རྒྱལ་ཁོངས་ལྗང་བསྒྱུར་ནགས་ར་དང་། ནགས་རའི་གསོ་སྐྱོང་ཁུལ། བྱེ་འགྱུར་བཀག་སྡོམ་ཁུལ་སོགས་གཙོ་གནད་ཁྱབ་ཁོངས་གསར་ཏུ་བསྐྲུན་པ་དང་། ཕྱུགས་འགོག་དུས་བཅད་རིང་ཕྱུགས་འགོག་ཁྱབ་ཁོངས་དང་རྒྱ་ཁྱོན། མཐའ་མཚམས་བཅས་ལ་ཚན་རིག་གི་དཔྱད་འཇོག་དང་འགུལ་རྣམ་ལེགས་སྒྲིག་བྱེད་པ། དུས་བཅད་རིང་རྫོང་རིམ་པའི་ནགས་རྩྭའི་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་སྤྱི་ཚོགས་སྟེང་སྤྱི་བསྒྲགས་བྱེད་དགོས།
སྤྱིའི་ནགས་རྩྭའི་དཔོན་གྱི་བཀའ་རྒྱ་ལས། ཕྱུགས་འགོག་ས་ཁུལ་ལ་གཅིག་གྱུར་སྒོས་ཉེན་བརྡའི་མཚོན་རྟགས་དང་འགན་འཁྲིའི་སྤྱི་བསྒྲགས་བྱང་བུ་འཛུགས་པ། སྒྲིག་འགལ་ངང་ཕྱུགས་སྐྱོང་བ་དང་རང་འདོད་ལྟར་ཕྱུགས་འགོག་རྩྭ་ཐང་བརྒྱུད་འཚོང་བྱེད་པ་གཏན་འགོག་བྱེད་པ། རྩྭ་ཐང་དང་ནགས་རར་གཏོར་སྐྱོན་གཏོང་བ་དང་ས་རྒོད་སློག་པ། ཁྲིམས་འགལ་གྱིས་བདག་བཟུང་བྱེད་པ། གང་བྱུང་དུ་བསྐོ་སློག་བྱེད་པའི་བྱ་སྤྱོད་སོགས་གཏན་འགོག་བྱེད་པ། རང་འདོད་ལྟར་སྤོ་སྒུལ་བྱེད་པ་དང་དོ་དམ་སྲུང་སྐྱོབ་སྒྲིག་ཆས་ལ་གཏོར་སྐྱོན་གཏོང་བ་གཏན་འགོག་བྱེད་པ། ཕྱུགས་འགོག་བྱེད་པ་ལས་ཕྱུགས་གསོ་སྐྱོང་བྱེད་པ་མི་འགོག་པ་དང་། ཕྱུགས་ཉུང་དུ་གཏོང་བ་ལས་བསྡུ་ལེན་ཉུང་དུ་མི་གཏོང་བ་རྒྱུན་འཁྱོངས་བྱེད་པ། རོང་འབྲོག་མང་ཚོགས་ཀྱིས་གཟན་ཆས་ཀྱིས་ཕྱུགས་གསོ་སྐྱོང་བྱེད་པ་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་དུ་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། ནན་ཏན་སྒོས་ཁོངས་གཏོགས་ས་ཁུལ་དང་ལྟ་སྐུལ་དོ་དམ། གྲུབ་ཆ་གཙོ་བོ་དང་དྲ་རྒྱའི་དོ་དམ་སྲུང་སྐྱོབ་འགན་འཁྲི་དོན་འཁྱོལ་བྱེད་པ། ནགས་རྩྭའི་དཔོན་གྱི་ལམ་ལུགས་ལྟར“གྲོང་རྡལ་དང་གྲོང་སྡེ། དོ་དམ་སྲུང་སྐྱོབ་པ་བཅས་ཟུང་འབྲེལ”གྱི་དྲ་རྒྱའི་སྐོར་ཞིབ་མ་ལག་འཐུང་ཚང་དུ་བཏང་སྟེ། ས་ཁོངས་ཧྲིལ་བོའི་ལྟ་སྐུལ་དོ་དམ་རྒྱུན་རྣམ་ཅན་མངོན་འགྱུར་བྱེད་པ། ཁྲིམས་བསྟར་ལྟ་སྐུལ་ཤུགས་སྣོན་དང་། ཉིན་རྒྱུན་གྱི་སྐོར་ཞིབ་དང་ཆེད་དོན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མི་མེད་གནམ་གྲུ་དང་བརྙན་མིག་ལྟ་རྟོག གཞི་གྲངས་ཆེན་མོ་སོགས་ཚན་རིག་ལག་རྩལ་ལ་བརྟེན་ནས་ལྟ་སྐུལ་དོ་དམ་ནུས་ཤུགས་ཆེ་རུ་གཏོང་བ། ཉེན་ཁྲིམས་དང་འགལ་བ་ཁྲིམས་འཛིན་ལས་ཁུངས་ལ་སྤྲོད་པ་དང་ལས་གནས་ཀྱི་འགན་འཁྲི་མི་སྒྲུབ་པ། ལྟ་སྐུལ་དོ་དམ་མི་འདང་བ་བཅས་ལས་བཟོས་པའི་སྐྱེ་ཁམས་གནད་དོན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ལ་སྤྲད་དེ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་དང་འགན་སྲུང་ལམ་ལུགས་འཐུང་ཚང་དུ་བཏང་སྟེ། ཁྱོན་ཡོངས་ནས་རྒྱལ་དབང་ནགས་རའི་དོ་དམ་སྲུང་སྐྱོབ་མ་དངུལ་དང་། རྒྱལ་དབང་མ་ཡིན་པའི་ནགས་རའི་སྐྱེ་ཁམས་ཁ་གསབ་མ་དངུལ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་དང་བྱ་དགའི་མ་དངུལ། སྐྱེ་ཁམས་སྲུང་སྐྱོབ་པའི་བྱས་འབྲས་དོ་དམ་སྲིད་ཇུས་བཅས་དོན་འཁྱོལ་བྱེད་པ། ཕྱུགས་ར་ལེགས་བཅོས་དང་གཟན་ཆས་ཀྱི་རྟེན་གཞི་འཛུགས་སྐྲུན། རྩྭའི་རིགས་སྣ་གསོ་སྐྱོང་བཅས་ལ་རྒྱབ་སྐྱོར་བྱེད་པ། རྒྱུད་ལམ་སྣ་ཚོགས་ལ་བརྟེན་ནས་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་པ་དང་ཞུ་གཏུག་བརྒྱུད་ལམ་གེགས་མེད་ཡོང་བར་བྱེད་པ། སྤྱི་ཚོགས་ཐུན་མོང་གི་ལྟ་སྐུལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱུན་མཐུད་ངང་ནགས་རྩྭའི་སྐྱེ་ཁམས་སྲུང་སྐྱོབ་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།