གསར་འགོད་པས་ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་པ་ལྟར་ན། མཚོ་བོད་ལྕགས་ལམ་གྱི་སྐུད་ལམ་ཧྲིལ་བོར་མེ་འཁོར་ཤར་གཏོང་བྱས་ནས་ལོ་ཉི་ཤུ་འཁོར་བའི་རིང་ལ། བོད་ལྗོངས་སུ་ཕྱིར་གཏོང་ནང་འདྲེན་བྱས་པའི་ལྕགས་ལམ་ཟོག་འདྲེན་བྱེད་ཚད་བརྟན་པོའི་ངང་འཕར་ཡོད། ད་ལོའི་ཟླ4པའི་ཚེས13ཉིན་བར། མཚོ་བོད་ལྕགས་ལམ་བརྒྱུད་དེ་སྐྱེལ་འདྲེན་བྱས་པའི་དངོས་ཟོག་བསྡོམས་འབོར་རིམ་རྩིས་བྱས་ན་ཏུན་དུང་ཕྱུར1ལས་བརྒལ་བ་དང་བོད་ལྗོངས་སུ་འགྲོ་འོང་བྱེད་པའི་ཡུལ་སྐོར་བ་མི་ཐེངས་བྱེ་བ་བཞི་ས་ཡ་གཅིག་ལས་བརྒལ་ཡོད།
2006ལོའི་ཟླ7པའི་ཚེས1ཉིན། མཚོ་བོད་ལྕགས་ལམ་གྱི་སྐུད་ལམ་ཧྲིལ་བོར་མེ་འཁོར་ཤར་གཏོང་ཐུབ་པ་དེས་བོད་ལྗོངས་སུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ། མཚོ་བོད་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ1956ཡོད་པ་དང་ཤར་མཚོ་སྔོན་ཟི་ལིང་ནས་ནུབ་བོད་ལྗོངས་ལྷ་སའི་བར་ཡིན། ལོ་ངོ20ཡི་རིང་། མཚོ་བོད་ལྕགས་ལམ་གྱི་ཟོང་སྐྱེལ་དང་འགྲུལ་སྐྱེལ་མེ་འཁོར་གྱི་ཆ་གྲངས2006ལོའི་ཆ5ནས་ད་ལྟའི་ཆ17བར་མང་དུ་ཕྱིན་ཡོད། 2025ལོར། ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིས་རིམ་རྩིས་བྱས་ན་ཡུལ་སྐོར་ཆེད་སྤྱོད་མེ་འཁོར129བཏང་ནས་ཡུལ་སྐོར་བ་མི་ཐེངས་ཁྲི3ལྷག་ཙམ་ལ་ཞབས་ཞུ་བསྒྲུབས་སྟེ། ལམ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་སྐུལ་ཁྲིད་བྱས་ཡོད། ད་ལྟ། མཚོ་བོད་ལྕགས་ལམ་དང་དེའི་རྒྱ་བསྐྱེད་ལམ་ཐིག་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་ལྕགས་ལམ་དང་ལྷ་ས་ནས་ཉིང་ཁྲི་ལྕགས་ལམ་གྱིས་གྲུབ་པའི“Y”དབྱིབས་ཀྱི་སྒྲོམ་གཞི་གཙོ་བོའི་ལྕགས་ལམ་དྲ་བས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་བསྣན་ཡོད།