ཟླ4བའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེ་ལམ། སློབ་གསོ་པུའུ་གཞུང་སྒྲུབ་ཐིང་དང་། རྒྱལ་ཁབ་རིག་དངོས་ཅུས་གཞུང་སྒྲུབ་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཞི་སི་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་བླངས་ནས་ལོ་འཁོར80ལོན་པ་བརྗོད་དོན་བྱས་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི“ཆབ་སྲིད་བསམ་བློའི་སློབ་ཁྲིད”ཀྱི་སྤུས་ལེགས་ཐོན་ཁུངས་འཛུགས་སྐྲུན་འོས་སྦྱོར་ལས་གཞིའི་མིང་ཐོ་ཁྱབ་བསྒྲགས་བྱས། མཚོ་སྔོན་ཞིང་ཆེན་གྱིས་སྤྲད་པའི“ཕྱིང་ལྭ་གཅིག་གིས་ལེ་དབར་ཁྲི་ལ་རྒྱང་བསྐྱོད་བྱས། མཚོ་སྔོན་མཐོ་སྒང་སྟེང་གི་མི་རིགས་མཐུན་སྒྲིལ་གྱིས་འཇར་འགོག་རྗེས་ཤུལ་འཚོལ་ཞིབ་བྱེད་པ”ཞེས་པ་དང“རྡུལ་ཕྲན་གྲོང་གི་གསང་བ་འཚོལ་ཞིབ་བྱས་ཏེ་ཞི་བདེའི་འགོག་སྲུང་བ་ཆུང་ཆུང་ལ་བརྩོན་ལེན་བྱེད་པ”ཞེས་པའི་སློབ་ཁྲིད་གཉིས་བདེ་བླག་ངང་སྤུས་ལེགས་ལས་གཞིའི་མིང་ཐོའི་ཁྲོད་ཚུད།
ཟི་ལིང་གྲོང་ཁྱེར་སློབ་འབྲིང་བཅུ་གཉིས་པ་དང་མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས“ཕྱིང་ལྭ་གཅིག་གིས་ལེ་དབར་ཁྲི་ལ་རྒྱང་བསྐྱོད་བྱས། མཚོ་སྔོན་མཐོ་སྒང་སྟེང་གི་མི་རིགས་མཐུན་སྒྲིལ་གྱིས་འཇར་འགོག་རྗེས་ཤུལ་འཚོལ་ཞིབ་བྱེད་པ”ཞེས་པ་བསྐྲུན་ཏེ། རིག་དངོས་ཁུངས་སྣེ་རུ་བྱས་ནས། དམར་དམག་རྒྱང་བསྐྱོད་མཚོ་སྔོན་བརྒྱུད་སྐབས་རིགས་སོ་སོའི་མང་ཚོགས་ཀྱིས་འཇར་འགོག་ལ་རོགས་སྐྱོར་བྱས་པའི་ལོ་རྒྱུས་ལ་མཐུན་སྦྱོར་བྱེད་པ་དང་། སིམ་རྣམ་སློབ་གསོ་དང་རིག་དངོས་འགྲེལ་བཤད། མི་སྣ་འཁྲབ་སྟོན་བཅས་ལ་བརྟེན་ནས་མཚོ་སྔོན་གྱིས་འཇར་འགོག་རྒྱབ་ཕྱོགས་ལ་བྱས་རྗེས་གལ་ཆེན་བཞག་པ་གསོན་ཉམས་ལྡན་པའི་སྒོ་ནས་འགྲེམ་སྟོན་བྱས་ཏེ། རྒྱལ་གཅེས་རིང་ལུགས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧའེ་ཡན་རྫོང་མདོ་ལྭ་རི་བོའི་སློབ་ཆུང་དང་མཚོ་སྔོན་རྡུལ་ཕྲན་གྲོང་རྗེས་དྲན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་བཟོས་པའི“རྡུལ་ཕྲན་གྲོང་གི་གསང་བ་འཚོལ་ཞིབ་བྱས་ཏེ་ཞི་བདེའི་འགོག་སྲུང་བ་ཆུང་ཆུང་ལ་བརྩོན་ལེན་བྱེད་པ”ཞེས་པའི་ལངས་འགྲོའི་རྣམ་པའི་ཆབ་སྲིད་བསམ་བློའི་སློབ་ཁྲིད། རྡུལ་ཕྲན་གྲོང་གི་གསར་བརྗེའི་ཐོན་ཁུངས་དང་རྗེས་དྲན་ཁང་དང་སློབ་གྲྭའི་མཉམ་འབྲེལ། ཡུལ་དངོས་རྟོག་ཞིབ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། སློབ་མས་ཡུལ་རྣམ་གྱི་ཁྲོད“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་ཚོར་ཤེས་དང་། འཇར་འགོག་ལོ་རྒྱུས་ཡིད་ལ་དམ་པོར་འཛིན་པ། ཞི་བདེའི་འདུ་ཤེས་འཛུགས་པ་བཅས་སྤྱོད་ཤེས་ཟུང་འབྲེལ་མངོན་འགྱུར་བྱས།
ཐེངས་འདིའི་བདམས་ཐོན་བྱུང་བ་ལས། མཚོ་སྔོན་གྱི་གསར་བརྗེའི་རིག་གནས་ཐོན་ཁུངས་ཀྱི་ཁྱད་ཆོས་ལྡན་པའི་རིན་ཐང་དང་ཆབ་སྲིད་བསམ་བློའི་སློབ་ཁྲིད་ཀྱི་གསར་གཏོད་ནུས་པ་མངོན་ཡོད་ལ། མ་འོངས་པར། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་མུ་མཐུད་དུ་གསར་བརྗེའི་རིག་དངོས་བེད་སྤྱོད་བྱ་བ་ལེགས་པོར་སྒྲུབ་པར། གཏིང་ཟབ་པའི་གསར་བརྗེའི་ཐོན་ཁུངས་འདོན་སྤྲོད་བྱས་ཡོད་པ་དང་། ནང་དོན་ཟབ་ཅིང་སེམས་པ་དྲོ་བའི་ཁྱད་ཆོས་ལྡན་པའི་ཆབ་སྲིད་བསམ་བློའི་སློབ་ཁྲིད་སྤུས་ལེགས་བཀོད་སྒྲིག་བྱས་ཏེ། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་གསར་བརྗེའི་རྒྱུད་རྒྱུ་དང་སྙིང་སྟོབས་ཀྱི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པར་ཁྲིད་སྟོན་བྱས་ཡོད།