ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ4པའི་ཚེས14ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་འཚོགས་འགོ་ཚུགས་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲིན་ལི་ཝུན་ལ་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། འགྲིམ་འགྲུམ་སློབ་ཆེན་བཞི་ཡི་དགེ་སློབ་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། བསམ་སྤྱོད་ལེགས་སྒྱུར་ཟབ་སྤེལ་བྱེད་པ། སྤྱོད་ཚུལ་ལེགས་ཤོས་སྦྱོང་བརྡར་བཅས་བྱས་ཏེ། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། ཏང་དང་རྒྱལ་ཁབ་ཀྱི་ཐའེ་ཝན་ལས་དོན་གྱི་ཆེ་ཕྱོགས་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་། ཐའེ་ཝན་བར་གྱི་མི་གཞུང་དཔལ་འབྱོར་ཉོ་ཚོང་བརྗེ་རེས་མཉམ་ལས་བསྟུད་མར་ཟབ་སྤེལ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནུས་ལྡན་ངང་སྲ་བརྟན་དུ་བཏང་སྟེ། མཚོ་སྔོན་གྱི་ནུས་པར་བརྟེན་ནས་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་མཛའ་བརྩེ་སྔར་ལས་ཟབ་ཅིང་སེམས་པ་སྔར་ལས་མཐུན་པར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་གནད་འཁེལ་གྱིས་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་བ། སློབ་གསོ་ཚན་རྩལ་འཇོན་མི་བཅས་ཀྱི་འཕེལ་རྒྱས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། གསར་གཏོད་ལ་མཐོང་ཆེན་དང་འཇོན་མིར་བརྩི་འཇོག་བྱེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་བསྐྲུན་ནས། ཞིང་ཆེན་ཡོངས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ནུས་ལྡན་གྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱིས་ཞབས་ཞུའི་ལས་རིགས་ཀྱི་སྤུས་ལེགས་ནུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་རྩ་དོན་གལ་ཆེན། གཙོ་གནད་ལས་འགན་བཅས་ལ་འགྲེལ་བཤད་ཟབ་མོ་བྱས་ཏེ། ང་ཚོས་འབྲེལ་ཡོད་བྱ་བ་ལེགས་པོར་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཞབས་ཞུའི་ལས་རིགས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་གོ་གནས་གཙོ་བོར་བཞག་ནས། རང་ཞིང་གི་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྟོབས་ཤུགས་གཅིག་བསྡུས་ཀྱིས་ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་ལས་རིགས་ཀྱི་འཕར་གནས་གསར་པ་དང་ཞབས་ཞུ་ཉོ་ཚོང་གི་བར་སྟོང་གསར་པ་མུ་མཐུད་དུ་རྒྱ་བསྐྱེད་དེ། ནུས་ཤུགས་ཡོད་རྒུས་འདོན་སྤྲོད་མུ་ཕྲེང་གི་ཞབས་ཞུ་དང་དག་གཙང་ནུས་ཁུངས་སྐྱེལ་གསོ། ལྗང་མདོག་རྩིས་ནུས་ཞབས་ཞུ་སོགས་འཕེལ་རྒྱས་གཏོང་བ་དང་། སྐྱེ་ཁམས་ཡུལ་སྐོར་དང་མཐོ་སྒང་ཁམས་གསོ། འཁྱགས་རོམ་ལུས་རྩལ་སོགས་ཁྱད་ལྡན་ལས་རྣམ་ལ་དམིགས་ནས། ཞན་ཆ་དང་མི་འདང་ས་སྔར་ལས་ཁ་གསབ་བྱེད་པ་དང་། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དེ་ཆེད་ལས་ཅན་དང་རིན་ཐང་མུ་ཕྲེང་གི་རྩེ་རིམ་དུ་རྒྱུན་བསྲིང་བར་སྐུལ་འདེད་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བྱ་བའི་འགན་འཁྲི་དངོས་འབེབས་བྱེད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་དུ་བསྟར་བ། ཞིབ་བཤེར་ཞིབ་འཇུག་ཟབ་སྤེལ་བྱེད་པ། ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་ཡིག་ཆ་བཏོན་ནས། ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་འཆར་འགོད་དང་སྐུལ་འདེད་གཏོང་བའི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས།

གྲོས་ཚོགས་ལས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱས་པའི་སྤྱིའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། གྲུབ་འབྲས་བེད་སྤྱོད་ལ་ཤུགས་སྣོན་པ་དང་། བཅོས་སྒྱུར་གསར་གཏོད་ལ་ཤུགས་སྣོན་པ། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཆར་འགོད་གཏན་འབེབས་བཟོ་བ། ནུས་ཤུགས་ཡོད་རྒུས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁུལ་ཁོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་ད་དུང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།