དམངས་ལ་གཏམ་བཟང་སྒྲོག་པའི་དཔྱིད་ཀྱི་ཕོ་ཉ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

དཔྱིད་དཔལ་དྲོན་མོའི་བསིལ་རླུང་གི་རྒྱུ་བ་དང་འགྲོགས་ནས་དྲིལ་སྒྲོག་རུ་ཁག་གི་ལས་བྱེད་པ་ཚོས་དཀའ་སྡུག་དང་རྔུལ་ཆུ་ལ་མ་འཛེམས་པར་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་གྱི་རྩྭ་ཐང་དང་རི་ལུང་གང་སར་འགྲིམས་ནས་དམངས་ལ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་བཞིན་པའི་རྒྱབ་གཟུགས་རེ་རེ་མིག་གི་མཐོང་ལམ་དུ་མངོན་ཡོང་ལ།ཁོ་ཚོས་གོ་བདེ་ཞིང་རྟོགས་སླ་བའི་སྲིད་ཇུས་ཀྱི་གཏམ་བཟང་རེ་རེ་མང་ཚོགས་རེ་རེའི་སེམས་སུ་འཇགས་པར་བྱས།

ཉེ་སྔོན། འཕྲང་དམར་གྲོང་རྡལ་ལྷ་སྡེ་སྡེ་བའི་ཚེ་རིང་རྒྱལ་ཚང་གི་སྦྲ་གུར་ནང་འཚོགས་བཞིན་པའི་དྲིལ་སྒྲོག་ཚོགས་འདུའི་སྟེང་།ཚེ་རིང་རྒྱལ་གྱིས་ཧྲུའུ་ཅི་བསོད་ནམས་རྒྱལ་ལ་ད་ལོར་རྩྭ་སའི་ཁ་གསབ་དང་ནོར་ལུག་གི་རིན་གོང་ལ་འགྱུར་ལྡོག་གཏོང་བའི་སྐོར་གྱི་སྲིད་ཇུས་བཟང་བོ་གང་དག་ཡོད་དམ་ཞེས་མང་ཚོགས་ཀྱིས་ཤེས་འདོད་པའི་དྲི་བ་འདོན་བཞིན་འདུགསྐབས་དེར་སྡེ་བའི་ཧྲུའུ་ཅི་དང་པོ་བསོད་ནམས་རྒྱལ་གྱིས་ཀྱང་མང་ཚོགས་ལ་སྲིད་ཇུས་ཀྱི་ནང་དོན་གོ་བདེ་ངང་འགྲེལ་བཤད་བྱ་ཆེད།སྔ་མོ་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་དོན་གནད་བསྡུས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་འགྲེལ་བཤད་ལག་དེབ་ཅིག་བཟོས་ཏེ།ཚང་མས་ཆེས་ཤེས་འདོད་པའི་ཁ་གསབ་རོགས་དངུལ་དང་གསོ་སྤེལ།ཡོང་འཕར་སོགས་ཀྱི་དྲི་བར་ལན་བཏབ་པར་མ་ཟད།ཁོང་གིས་ཚང་མས་སེམས་བདེ་མོ་བྱོས།ད་ལོའི་ཡིག་ཆའི་ནང་ཆེད་དུ་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ཀྱི་བྱ་དགའི་སྲིད་ཇུས་ཇེ་བཟང་དུ་གཏོང་བ་དང་།ནོར་ལུག་བཙོང་ན་གནས་སྐབས་ཀྱི་ཁ་གསབ་ཡོད་པ་རེད་ཅེས་སྲིད་ཇུས་ཀྱི་ནང་དོན་རེ་རེ་ཁོ་ཚོར་གསལ་བོར་བཤད་པས།མང་ཚོགས་རྣམས་ཀྱང་དགའ་སྤྲོ་ཆེན་པོ་སྐྱེས་སོང་།ཚེ་རིང་རྒྱལ་གྱིས་འཛུམ་དམུལ་དམུལ་གྱིས་བཤད་རྒྱུར།ན་ནིང་ནོར་ལུག་གི་ཁ་གསབ་དང་རྩྭ་སའི་བྱ་དགའི་ཁ་གསབ་དུས་ལྟར་ལག་ཏུ་འབྱོར་བས།ད་ལོ་ཡང་ང་ཚོས་མུ་མཐུད་དུ་དེའི་ཕྱོགས་ལ་ཧུར་བརྩོན་བྱེད་དགོས་ཟེར།

འཕྲང་དམར་གྲོང་རྡལ་གྱི་འབྲོག་ཁྱིམ་ཐར་ཐོར་ཡིན་པ་དང་།ཁ་ཐག་རིང་སའི་ས་ཆ་ཁ་ཤས་ཀྱི་མང་ཚོགས་ཀྱི་འགྲོ་འོང་སྟབས་བདེ་མིན་པའི་གནས་ཚུལ་ལ་གཞིགས་ནས།ཆེད་དུ་སྐྱ་མིའི་དྲིལ་སྒྲོག་རུ་ཁག་ཅིག་བཙུགས་པ་དང་།རུ་མི་ཚོས་སྲིད་ཇུས་དྲིལ་སྒྲོག་ཁྱིམ་ཚང་རེ་རེའི་ནང་བསྐྱལ་བ་རེད།རྐང་ཚ་ཞོལ་མ་སྡེ་བའི་སྡེ་མི་བཀྲ་ཤིས་ཀྱི་སྦྲ་གུར་ནང་ཚང་མས་ལྕགས་ཐབ་ཀྱི་མཐའ་བསྐོར་ཞིང་དྲིལ་སྒྲོག་རུ་མིས་ནོར་ལུག་གི་འགན་སྲུང་དང་གནས་སྐབས་ཀྱི་རོགས་སྐྱོར་དམངས་ཕན་སྲིད་ཇུས་རེ་རེ་འགྲེལ་བཤད་བརྒྱབ་པར་ཉན་པ་དང་།བཀྲ་ཤིས་ཀྱིས་གཟབ་ནན་གྱིས་ཉན་ཞོར་ཡང་དང་བསྐྱར་དུ་མགོ་ལྕོག་ནང་དུ་ལྡེམ་བཞིན་སྲིད་ཇུས་དེ་དག་གི་ནང་དོན་གསལ་བོར་རྟོགས་ཡོད་པའི་རྣམ་འགྱུར་མངོན་བཞིན་འདུགདྲིལ་སྒྲོག་མཇུག་སྒྲིལ་རྗེས་ཁོང་གིས་རུ་མི་ཚོར་ཁྱེད་ཚོས་རྟ་ཞོན་ནས་འདི་འདྲའི་ལམ་ཐག་རིང་བོར་སྒྲོག་བཤད་དུ་འོང་ནས་དཀའ་ལས་ཆེན་པོ་མྱངས་སོང་།ཏང་རྩ་འཛུགས་ཀྱིས་ང་ཚོར་འདི་འདྲའི་སེམས་ཁུར་བྱེད་ཀྱིན་པ་དེར་ང་ཚོ་ཧ་ཅང་དགའ་སྤྲོ་སྐྱེས་ཡོད་ཟེར།ཟླ4པའི་ཟླ་སྟོད་བར།འདི་འདྲའི་དྲིལ་སྒྲོག་ཚོགས་འདུ་གྲོང་རྡལ་ཡོངས་ཀྱི་འབྲོག་སྡེ་ཁག་ཏུ་ཐེངས20ལྷག་སྤེལ་ཏེ།སྲིད་ཇུས་ཀྱི་ནང་དོན་གྲོང་རྡལ་གྱི་རྒན་དར་གཞོན་གསུམ་ཡོངས་ལ་ཤེས་སུ་བཅུག་པ་རེད།

དྲིལ་སྒྲོག་ནི་སྲིད་ཇུས་ལག་ཏུ་བསྟར་བའི་ཐབས་ཤེས་བཟང་བོ་ཡིན་ལ།ལག་བསྟར་གཙོར་འཛིན་པ་ནི་མང་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་གཞི་རྩའང་ཡིན།མང་ཚོགས་ཀྱིས་སྲིད་ཇུས་དྲིལ་སྒྲོག་གི་ནང་དོན་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ལག་ཏུ་བསྟར་བ་དང་གཅིག་མཚུངས་ཡིན་པ་རྟོགས་ཆེད།འཕྲང་དམར་གྲོང་རྡལ་དང་སྡེ་བ་རིམ་པ་གཉིས་ཀྱི་ཏང་རྩ་འཛུགས་ཀྱིས་འབྲོག་ཁུལ་གྱི་དོན་དངོས་ལ་གཞིགས་ཏེ།སྲིད་ཇུས་དྲིལ་སྒྲོག་གི་ནང་དོན་དེ་དངོས་ཡོད་འཚོ་བའི་ཁྲོད་ལག་བསྟར་བགྱིས་ནས།མང་ཚོགས་ལ་དོན་དངོས་ཀྱི་བྱ་བ་མང་པོ་ཞིག་བསྒྲུབས་པ་རེད།

ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་མང་ཚོགས་ལ་གཟན་རྩྭ་མཁོ་བའི་ཐབས་ལམ་འཚོལ་རོགས་བྱས་པ་དང་ཕྱུགས་ཟོག་གི་འགན་སྲུང་ཉོ་རོགས་བྱས་ཏེ།ཕྱུགས་ལས་ཀྱི་ཐོན་ལས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་པ་མ་ཟད།འདུམ་འགྲིག་གི་ཞབས་ཞུ་རྩྭ་ཐང་དུ་བསྐྱལ་ཏེ་རྩྭ་སའི་རྩོད་གཞི་དང་ཁྱིམ་མཚེས་བར་གྱི་འགལ་བ་སེལ་ནས་གཞི་རིམ་གྱི་གནད་དོན་གཞི་རིམ་དུ་ཐག་གཅོད་བྱས་པ་རེད།འབྲོག་པ་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྩྭ་ས་སྲུང་བ་དང་རྐ་ཆུ་གཙང་སེལ།གད་སྙིགས་ཀྱི་རིགས་བགར་བའི་སྐོར་གྱི་སྲིད་ཇུས་དྲིལ་སྒྲོག་བྱས་ནས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་པར་མ་ཟད།ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་དྲིལ་སྒྲོག་གི་མགོ་བརྩམས་པ་ནས་བཟུང་།ཁྱོན་བསྡོམས་པས་མང་ཚོགས་ལ་དོན་བཟང40ལྷག་བསྒྲུབས་པ་དང་།གཟན་རྩྭ་དཀོན་པ་དང་སྨན་བཅོས་བྱེད་དཀའ་བ་སོགས་མང་ཚོགས་ལ་འཕྲད་པའི་དཀའ་གནད23ཐག་གཅོད་བྱས་པ་རེད།

སྡེ་སྡོད་ལས་བྱེད་པས་ལོ་ན་བདུན་ཅུར་སོན་པའི་བདག་མེད་རྒན་པོ་རིན་ཆེན་ཚེ་རིང་གི་རྐང་ལག་མི་བདེ་བའི་རྐྱེན་གྱིས་ཕྱུགས་ཟོག་གི་གཟན་རྩྭ་ཉོ་བར་སེམས་ཁུར་བྱེད་བཞིན་པའི་གནས་ཚུལ་ཤེས་རྗེས།གང་མགྱོགས་ཀྱིས་གཟན་རྩྭ་སྒྱེ་མོ20ཁོང་ཚང་ལ་བསྐྱལ་བས།ཁོང་གིས་འཕྲང་དམར་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་རྡལ་གྱི་མགོ་གཙོ་དབྱང་ཞའོ་ཏུང་གི་ལག་པར་འཇུས་ནས་ཏང་གི་སྲིད་ཇུས་བཟང་པོ་དང་འདི་ལྟར་རོགས་རམ་བྱས་པར་བཀའ་དྲིན་ཚད་མེད་ཞུས་པ་རེད།དེ་མིན།གྲོང་རྡལ་གྱི་ཏང་ཨུ་དང་འཕྲོད་བསྟེན་ཁང་།རྫོང་རིམ་པའི་སྨན་ཁང་བཅས་མཉམ་འབྲེལ་སྒོས་སྡེ་བར་བསྐྱོད་དེ་སྨན་བཅོས་བྱེད་པའི་བྱ་འགུལ་སྤེལ་བ་དང་།སྲིད་ཇུས་དྲིལ་སྒྲོག་གི་ཞོར་དུ་འབྲོག་པ་མང་ཚོགས་ལ་རིན་མེད་སྒོས་ལུས་པོར་བརྟག་དཔྱད་དང་།དལ་གཤིས་ནད་རིགས་ཀྱི་སྨན་བཅོས་ཞབས་ཞུ་བསྒྲུབས་ཏེ་མང་ཚོགས་ཀྱིས་རང་ཁྱིམ་དུ་ཆེད་མཁས་པའི་སྨན་བཅོས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས།

ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་སྲིད་ཇུས་དྲིལ་སྒྲོག་གི་ཕན་ནུས་འོགགྲོང་རྡལ་ཡོངས་ཀྱི་འབྲོག་པ་ཏང་ཡོན62ཀྱིས་མགོ་ཁྲིད་དེ་རྩྭ་ཕྱུགས་དོ་མཉམ་གྱི་ལམ་ལུགས་ལག་བསྟར་བྱས་ཤིང་།མཐའ་འཁོར་གྱི་འབྲོག་པ་མང་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་ཟོག་སྐྱོང་བ་དང་། ངེས་པ་དོན་གྱིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལག་ལེན་དུ་བསྟར་བ་རེད། སེར་རྒྱ་སྡེ་བའི་ཏང་ཡོན་ལྕགས་ཐར་རྒྱལ་གྱིས་ཚང་མའི་སྣེ་ཁྲིད་དེ་ལུག120ཇེ་ཉུང་དུ་བཏང་བ་དང་།ཞོར་དུ་མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་བར་བརྟེན་ནས་ཡོང་སྒོ་འཚོལ་བར་ཞིབ་རྩིས་ནན་མོ་བརྒྱབ་པ་རེད།ཁོས་ཕྱུགས་ཟོག་ཇེ་ཉུང་དུ་བཏང་ཚེ་རྩྭ་ཡི་སྐྱེས་སྟོབས་མགྱོགས་པ་དང་།ནོར་ལུག་ལ་ཤ་ཤེད་རྒྱས་ཐུབ་པས།རིན་གོང་ཡང་སྔར་ལས་ལྡབ་འགྱུར་གྱིས་བཟང་ཞིང་།སྐྱེ་ཁམས་བྱ་དགའི་ཁ་གསབ་ཀྱང་ཡོད་པས།བསྡོམས་རྩིས་བྱས་ན་ཡོང་སྒོ་མི་ཉུང་བ་ཞིག་ཐོབ་བཞིན་ཡོད་ཟེར།ཁོང་གི་སྣེ་ཁྲིད་འོག་སྡེ་བ་ཡོངས་ཀྱི་ཁྱིམ་ཚང17གྱིས་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་ལ་དམིགས་ཏེ་ཕྱུགས་ཟོག་འཚོ་སྐྱོང་དང་།བདེ་ཞིང་སྐྱིད་པའི་འཕེལ་རྒྱས་ཀྱི་ལམ་ཁ་ཞིག་ཏུ་བསྐྱོད་བཞིན་ཡོད།།

གསར་འགོད་པ། བུ་མོ་མཆོག

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།