ཟླ4པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། སྤྱིའི་ནགས་རྩྭའི་དཔོན་ཝུའུ་ཞའོ་ཅུན་དང་། ཧྲིན་ཀྲང་། སྤྱིའི་ནགས་རྩྭའི་དཔོན་ལུའོ་ཏུང་ཁྲོན་གྱིས2026ལོའི་སྤྱིའི་ནགས་རྩྭའི་དཔོན་གྱི་བཀའ་རྒྱ་ཨང་དང་པོར་མིང་རྟགས་བཀོད་དེ་རིམ་པ་སོ་སོའི་ནགས་དཔོན་རྩྭ་དཔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་མ་ལག་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། བཅོས་སྐྱོང་གཙོ་གནད་འབུར་དུ་ཐོན་པར་བྱེད་པ། ཚན་རིག་དང་མཐུན་པའི་བྱེ་བཅོས་རྒྱུན་འཁྱོངས་བྱེད་པ། ནགས་དཔོན་རྩྭ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བཅས་བྱས་ནས་སྟོབས་ཤུགས་ཡོད་རྒུས་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་གྱི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
རིམ་པ་སོ་སོའི་ནགས་དཔོན་རྩྭ་དཔོན་གྱིས་འགན་ཁུར་མི་སྣ་དང་པོའི་འགན་འཁྲི་ལག་བསྟར་བཟང་བོ་བྱས་ཏེ་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་བྱེད་རྒྱུ་དེ་ཏང་ཨུ་དང་སྲིད་གཞུང་གི་གྲོས་དོན་གཙོ་བོའི་ཉིན་རིམ་བཀོད་སྒྲིག་ནང་བཞག་ནས་སྐུལ་འདེད་གཏོང་བ་དང་གནད་འཁེལ་དཔྱད་ཞིབ་བྱས་ཏེ་ཏང་སྲིད་འགན་གཅིག་དང་ཁོངས་གཏོགས་ས་ཁུལ་གྱིས་འགན་ཁུར་བ། སྡེ་ཁག་གིས་མཐུན་སྦྱོར་བྱེད་པ། འགོ་ཁུངས་ནས་བཅོས་སྐྱོང་བྱེད་པ། ཕྱོགས་ཡོངས་ལ་ཁེབས་པ་བཅས་ཀྱི་བྱ་བའི་རྣམ་པ་གྲུབ་པར་བྱེད་དགོས། ཚད་གཞི་མཐོན་པོ་དང་ཕན་ནུས་མཐོན་པོའི་སྒོ་ནས་བྱང་གསུམ་བཟོ་སྐྲུན་གྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་དང་དེར་སྐུལ་འདེད་གཏོང་བ་དང་། འགན་འཁྲི་དོན་འཁྱོལ་བྱས་ནས་གྲུབ་འབྲས་ཀྱིས་ཉམས་ཞིབ་ཐེག་ཐུབ་པར་འགན་སྲུང་བྱེད་དགོས།
ནགས་དཔོན་རྩྭ་དཔོན་གྱི་བཀའ་རྒྱ་ལས། འཆར་འགོད་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། རྨོ་ཞིང་དང་ནགས་རྩྭའི་བར་སྟོང་བཀོད་སྒྲིག་ལེགས་སྒྱུར་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཡུལ་བབ་དང་བསྟུན་པ་དང་བབ་བསྟུན་ལྗང་སྒྱུར་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་ཉམས་ཞན་ཁུལ་དང་བྱེ་རླུང་གནོད་འཚེའི་ཁུལ། སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ་བཅས་སུ་བཅོས་སྐྱོང་ལས་གཞི་བཀོད་སྒྲིག་བྱེད་དགོས། ལས་གཞིའི་དུས་སྐབས་སྔོན་གྱི་རྩད་ཞིབ་རིགས་སྒྲུབ་ལ་ཤུགས་སྣོན་པ་དང་། ཞིབ་འཇུག་དང་ཇུས་འགོད། ལས་གཞི་འཛུགས་པ་བཅས་ཀྱི་ལས་རིམ་སོ་སོར་གཅིག་གྱུར་འཆར་འགོད་བྱས་ནས་ལས་གཞིའི་དུས་སྐབས་ཡོངས་ཀྱི་ཕྱོགས་བསྡུས་ཇུས་འགོད་ལ་སྐུལ་འདེད་གཏོང་དགོས། དུས་སྐབས་བཟང་བོ་དམ་འཛིན་བྱས་ཏེ་རྒྱལ་ཁོངས་ལྗང་སྒྱུར་དང་བྱེ་འགོག་བྱེ་བཅོས། ཞན་འགྱུར་ནགས་རྩྭ་སླར་གསོ་སོགས་ལས་འགན་གཙོ་བོར་གཅིག་གྱུར་སྐུལ་འདེད་གཏོང་དགོས། དུས་སྐབས་རྗེས་ཀྱི་དོ་སྲུང་འགན་འཁྲི་ཇེ་དམ་དུ་བཏང་ནས་གསོན་ཚད་དང་གསོག་ཚད་བརྟན་སྲུང་བྱེད་དགོས། གསར་འཛུགས་ལས་གཞིར་ཚད་ལྡན་སྒོས་སྐུལ་འདེད་བཏང་ནས་བཟོ་སྐྲུན་གྱི་ལྟ་སྐུལ་དོ་དམ་དང་ཉེན་ཁ་འགོག་སྲུང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། རྒྱུ་རྐྱེན་གྱི་འགན་སྲུང་ལ་ཤུགས་སྣོན་པ་དང་མཁོ་སྤྲོད་སྦྲེལ་མཐུད་སྟེགས་བུ་བཙུགས་ནས་དངོས་ཟོག་གསོག་འཇོག་སྙོམས་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས། སོན་བཟང་རྟེན་གཞི་དང་འགན་སྲུང་རང་བཞིན་གྱི་སྡོང་ཕྲུག རྩྭ་འདེབས་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྔོན་ལ་རང་ཡུལ་གྱི་ཤིང་རིགས་དང་ལྡོག་འགོག་སོན་བཟང་འདེམས་སྤྱོད་བྱས་ཏེ་སོན་མྱུག་གི་སྤུས་ཚད་དང་སྐྱེལ་འདྲེན་ནད་ཡམས་ཞིབ་བཤེར་ལ་ཚོད་འཛིན་ནན་མོ་བྱེད་དགོས། གོ་རིམ་ཧྲིལ་བོར་དོ་དམ་ནན་མོ་བྱེད་པ་དང་ཁྲིམས་ལྟར་དམིགས་འགུག་དམིགས་འཇོག་གི་དོ་དམ་ཚད་ལྡན་དུ་གཏོང་བ། བཟོ་སྐྲུན་གྱི་ལྟ་སྐུལ་དོ་དམ་ཐད་ཀྱི་གཏན་འབེབས་ལག་བསྟར་ནན་མོ་བྱེད་པ། བཟོ་སྐྲུན་ལེགས་འགྲུབ་རྗེས་ཀྱི་ཞིབ་བཤེར་རྩིས་ལེན་འགག་སྒོ་དམ་སྲུང་བྱེད་པ། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཞིབ་བཤེར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གནད་དོན་དུས་ཐོག་ཏུ་རྙེད་ཐུབ་པ་བཅས་བྱས་ཏེ་ཕན་ནུས་མཐོ་བའི་སྒོ་ནས་དག་ཐེར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ནགས་དཔོན་རྩྭ་དཔོན་བཀའ་རྒྱ་ལས། ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་དུས་སྐབས་རྗེས་མའི་དོ་སྲུང་འགན་འཁྲི་ཕྱོགས་ཡོངས་ནས་ཇེ་དམ་དུ་གཏོང་བ། རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་དོ་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཞང་དང་སྡེ་བ་རིམ་པ་གཉིས་ཀྱི་མཇུག་སྣེའི་དོ་སྲུང་གཙོར་བཟུང་ནས་ཤུགས་སྣོན་དགོས། ནགས་རྩྭའི་ལས་གཞི་འཛུགས་སྐྲུན་རྗེས་ཀྱི་དོ་སྲུང་རྩིས་སྤྲོད་ལས་དོན་བཟང་བོར་བསྒྲུབ་པ་དང་། སྣ་མང་ཅན་གྱི་དོ་སྲུང་རྣམ་པར་སྐུལ་འདེད་བཏང་ནས་འཛུགས་སྐྲུན་དང་དོ་དམ་མཉམ་འཛིན་དང་ཡུན་ཕན་རྒྱུན་བཅོས་མངོན་འགྱུར་བྱེད་དགོས། སྐྱེ་ཁམས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་མཁར་གྲོང་ལྗང་སྒྱུར་མཛེས་སྒྱུར་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ། དམངས་ཡོངས་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་ནས་གནའ་སྡོང་དང་ཤིང་སྣ་གྲགས་ཅན་སྲུང་སྐྱོབ་དང་སླར་གསོ། གསོ་སྐྱོང་བྱེད་དགོས། ཡུལ་བབ་དང་བསྟུན་ནས་ནགས་རྩྭ་དང་བྱེ་མའི་ཁྱད་ལྡན་ཐོན་ལས་དང་ནགས་ལས་དཔལ་འབྱོར། སྐྱེ་ཁམས་ཡུལ་སྐོར་བཅས་འཕེལ་རྒྱས་གཏོང་དགོས། རྒྱུན་མཐུད་ངང་རྒུབ་གསབ་ལས་སྤྲོད་གཏིང་ཟབ་ཏུ་སྤེལ་བ་དང་། ས་གནས་ཀྱི་རོང་འབྲོག་མང་ཚོགས་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་དང་དོ་སྲུང་། འཁོར་སྲུང་བཅས་ཀྱི་ཁྲོད་ཞུགས་སུ་བཅུག་ནས་རྩལ་ནུས་གསོ་སྦྱོང་སྤེལ་བ་དང་ངལ་ལས་ལ་ཐོབ་ཆ་ཡོད་པར་འགན་སྲུང་བྱས་ནས་སྐྱེ་ཁམས་འཛུགས་སྐྲུན་དང་དམངས་འཚོ་ལེགས་བཅོས་ཀྱི་མཉམ་སྐུལ་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བསྟན།