

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གངས་རིའི་ལྗོངས་ཀྱི་ཡངས་པའི་ས་གཞིར་གངས་འཁྱགས་རིམ་གྱིས་ཞུ་བར་བརྩམས། ཟླ་བ་བཞི་བའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཛོ་རྒན་རྭ་བར་གྲོང་རྡལ་མཚོ་རུག་སྡེ་བའི་མུ་འབྲེལ་རྩྭ་ཐང་དང་ཁྱུ་དང་ཁྱུ་བྱས་པའི་ནོར་ནག་དཔྱིད་ཀྱི་དྲི་བཞོན་དལ་གྱིས་ལྡང་པ་དང་བསྟུན་ནས་གཉིད་དུ་ཡེར་བའི་རྩྭ་ཐང་ཧྲིལ་པོ་གཉིད་ལས་བསླངས།
སྲོལ་རྒྱུན་འབྲོག་ལས་ལ་འཕྲད་པའི་རྩྭ་རའི་ཤོང་ཚད་ལས་བརྒལ་བའི་གནད་དོན་དང་། རིམས་འགོག་གི་ནུས་པ་ཞན་པ། ཁྲོམ་ར་རྗེས་ལུས་ཡིན་པ་སོགས་ཀྱི་དཀའ་གནད་དག་སེལ་ཆེད། མི་རབས་ནས་མི་རབས་བར་ཕྱུགས་འཚོ་བའི་ས་ཞིང་དེ་རྩྭ་ཆུ་དེད་ནས་སྡོད་པའི་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་དང་རིམ་གྱིས་བྲལ་ཡོད།
ཚན་རྩལ་གྱི་ས་བོན་ས་ཐོག་ཏུ་རྩ་བ་ཚུགས་པ་དང་བློ་གྲོས་ཀྱི་སྤུ་རྭ་འབྲོག་རར་བསྲིངས། མཚོ་རུག་སྡེ་བའི་ལྷ་རྩེ་སྐྱེ་ཁམས་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གིས་བློ་རིག་ལྡན་པའི་གསོ་སྤེལ་ལ་བརྟེན་ནས་སྲོལ་རྒྱུན་གྱི་འབྲོག་ལས་གཏོར་ཏེ་ཚང་མས་དངོས་སྒྲུབ་ཀྱི་ངར་ཤུགས་ཆེན་པོས་ཕྱུགས་ལས་ཐོན་ལས་ལ་སྔར་བྱུང་མྱོང་མེད་པའི་སྐྱེ་སྟོབས་གསར་པ་འཕེལ་ཡོད།
མཚོ་རུག་སྡེ་བར་སླེབས་སྐབས་རྩྭ་ཐང་སྔར་བཞིན་ཡངས་ཤིང་རྒྱ་ཆེ་ཡང་འབྲོག་པ་མང་ཚོགས་ཀྱི་གསོ་སྤེལ་བྱེད་སྟངས་སྔ་མོ་ནས་འགྱུར་ལྡོག་བྱུང་ཡོད།
མཉམ་ལས་ཁང་གི་འགན་འཁུར་བ་རྟ་མགྲིན་རྒྱལ་གྱིས་ལྟ་སྐུལ་ཚོད་འཛིན་གྱི་བརྙན་ཤེལ་ཆེན་པོའི་མདུན་དུ་བསྡད་དེ་བརྙན་ཤེལ་ལ་ལྟ་བཞིན་ཡོད། རྟ་བཞོན་ནས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་རར་བསྐྱོད་མི་དགོས་པ་དང་། ནོར་ནག་གི་རྗེས་དེད་དེ་རི་ཐང་དུ་བསྐྱོད་མི་དགོས་པར་མཛུབ་རྩེ་རེག་ན་ལེ་དབར་སྟོང་གི་ཕྱུགས་རའི་ཡུལ་ལྗོངས་མཐོང་ཐུབ།
འདི་ནི་ཆ་འཕྲིན་རིག་ནུས་ཅན་གྱི་ཕྱུགས་རའི་གཞི་གྲངས་ཆེན་པོའི་སྟེགས་བུའི་ཡིད་འགུག་ནུས་པ་རེད།
རྒྱང་རིང་ལྟ་སྐུལ་ཚོད་འཛིན་གྱིས་དུས་དང་བར་སྟོང་གི་བཀག་རྒྱ་གཏོར། ནོར་ནག་གི་སྐྱེ་འཚར་རྣམ་པ་དུས་ཐོག་ཏུ་མངོན་ཐུབ་ཐུབ། ཕྱུགས་རིགས་ཚང་མར་ཆེད་གཏོགས་ཀྱི“གཞི་གྲངས་ཡིག་ཚགས”ཡོད་པ་སྟེ། རྣ་རྟགས་གསལ་ཞིང་ཞིབ་བཤེར་བྱེད་ཆོག་པ་དང་། སྐྱེས་ཚེས་གཞི་གྲངས་ཟིན་ཐོ་གནད་འཁེལ་འགོད་པ། ཕྱུགས་ར་དང་། ལོ་ཚོད། ཕོ་མོ། རིགས་རྒྱུད་བཅས་ལ་བལྟས་པ་ཙམ་གྱིས་གསལ་པོར་ཤེས་ཐུབ།
གཞི་གྲངས་ཀྱིས་སྐད་ཆ་བཤད་པ། ཉམས་མྱོང་གི་ཚབ་བྱེད་པ། སྲོལ་རྒྱུན་གསོ་སྤེལ་གྱི་རབ་རིབ་དང་རགས་ལས་ནི་གནད་ལ་འཁེལ་བ་དང་ཞིབ་ཚགས་ཀྱིས་ཚབ་བྱས། མཐོ་སྒང་གི་འབྲོག་པས་གཞི་གྲངས་ཀྱི་ལག་རྩལ་ལ་བརྟེན་ནས་ནོར་ལུག་གསོས།
འགྱུར་ལྡོག་དེ་ནི་ཕྱོགས་མང་པོའི་ནུས་ཤུགས་གཅིག་སྡུད་ཀྱི་ལག་ཤེས་ལས་བྱུང་བ་ཞིག་རེད།
མཚོ་སྔོན་སློབ་ཆེན་ཕྱུགས་ལས་ཕྱུགས་སྨན་ཚན་རིག་ཁང་དང་ཧྲེན་ཀྲེན་གྲོང་ཁྱེར་ཀྲུང་ཧེང་རྒྱལ་ཚན་རིག་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སིས་མཚོ་རུག་གྲོང་ཚོའི་ལྷ་རྩེ་སྐྱེ་ཁམས་འབྲོག་ལས་ཆེད་ལས་མཉམ་ལས་ཁང་དང་རྨ་སྟོད་རྫོང་སྟོང་མཚེའུ་ཕྱུགས་ལས་ཐོན་རྫས་ཆེད་ལས་མཉམ་ལས་ཁང་དང་མཉམ་དུ་ཡིད་རྟོན་རིག་ལྡན་ཕྱུགས་ལས་ཀྱི་འགག་རྩའི་ལག་རྩལ་འདུས་གྲུབ་དང་དཔེ་སྟོན་རྣམ་གྲངས་ཐུན་མོང་ཐོག་བསྐྲུན།
ཕྱོགས་བཞིའི་ལག་གདང་སྦྲེལ་ནས་ཚན་རིག་ཞིབ་འཇུག་གི་སྟོབས་ཤུགས་དང་། ལག་རྩལ་གྱི་ལེགས་ཆ། གཞི་རིམ་གྱི་ལག་ལེན་བཅས་གཅིག་སྒྲིལ་བྱས་ཏེ་གངས་ལྗོངས་ཕྱུགས་ལས་ཕྱོགས་སྒྱུར་འཕེལ་རྒྱས་ལ་ཚན་རྩལ་གྱི་ལམ་བུ་བཏོད།
རྣམ་གྲངས་ཁྱབ་རྒྱ་ཆེ་བས་སྲོལ་རྒྱུན་གསོ་སྤེལ་གྱི་དཀའ་གནད་ལ་ཐད་ཀར་ཁ་གཏད་གཅོག་པ།
ནོར་ནག་དེང་རབས་གསོ་སྤེལ་བྱས་ཏེ་རྩྭ་ཐང་གི་སྐྱེ་ཁམས་ཀྱི་རྨང་གཞི་སྲུང་ནས་གསོ་སྤེལ་དང་རང་བྱུང་མཉམ་གནས་བྱས་པ། ནོར་ནག་གི་སྐྱེ་འཕེལ་དོ་དམ་ཆ་འཕྲིན་ཅན་གྱི་ལག་རྩལ་དཔེ་སྟོན་བྱས་ནས་སྐྱེ་འཕེལ་གྱི་དཀའ་གནད་སེལ་ནས་སྐྱེ་འཕེལ་གྱི་ལས་ཕྱོད་ཆེ་རུ་གཏོང་བ། ཕྱུགས་རིགས་ཀྱི་རིམས་ནད་ཆ་འཕྲིན་ཅན་དུ་འགྱུར་བའི་འགོག་ཟོན་དང་བརྟག་དཔྱད་མགྱོགས་མྱུར་བྱས་ཏེ་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ནས་འབྲོག་པའི་འབྱུང་འགྱུར་ལ་སེམས་ཁྲལ་མེད་པར་བཟོས།
མིས་བཟོས་རིག་ནུས་དེ་ནོར་ནག་གསོ་སྤེལ་དངགཏིང་ཟབ་འདྲེས་པ།
དཔེ་དབྱིབས་རེ་རེ་བཞིན་འཛུགས་པ་དང་ལག་རྩལ་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བ། འཚོ་བཅུད་དཔྱད་གྲངས་མཛོད་དང་། ཁོར་ཡུག་ཚོད་འཛིན་དཔེ་དབྱིབས་བཅས་ཀྱིས་གསོ་སྤེལ་ལ“བློ་གྲོས་ཀླད་ཆེན”སྒྲིག་སྦྱོར་བྱས།
“སྟེགས་བུ་གཅིག་ལ་མ་ལག་མང་པོའི”ཇུས་འགོད་དེ་གཞི་གྲངས་འཚོལ་བསྡུ་དང་། དབྱེ་ཞིབ། བརྟག་དཔྱད། ཐབས་ཇུས། མཛུབ་ཁྲིད་བཅས་གཞི་གཅིག་ཏུ་འདུས་ནས་ལྷུ་ཚིགས་ཚང་མར་ཚན་རྩལ་གྱིས་སྲུང་སྐྱོབ་བྱེད་ཀྱི་ཡོད།
ཕྱུགས་འཚོ་བ་ནས་དོ་དམ་ཚོད་འཛིན་བར་དང་། ཉམས་མྱོང་ནས་རིག་ནུས་བར་འགག་རྩའི་ལག་རྩལ་དང་ལེ་ལག་ཚང་བའི་སྒྲིག་ཆས་གཞི་ཚུགས་ནས་ཕྱུགས་ལས་འཕེལ་རྒྱས་དེ་རིག་ནུས་ཀྱི་དུས་རབས་གསར་རྐྱང་ཞིག་ཏུ་བསླེབས།
འབྲོག་པའི་མྱོང་ཚོར་ནི་ཆེས་ངོ་མ་ཡིན།
“སྔོན་མ་ནོར་ལུག་གསོ་སྐབས་རྩྭ་ར་དང་གནམ་གཤིས་ལ་བསྟུན་ནས་རྒྱུག་པ་དང་། ནོར་ལུག་གི་གནས་ཚུལ་ཚང་མ་ཚོད་དཔག་ལ་བརྟེན་དགོས”ཞེས་འབྲོག་པ་མཆོག་རིལ་རྒྱལ་གྱིས་སྐད་ལ་ཚོར་སྣང་གིས་ཁེངས། ད་ཆ་གཞི་གྲངས་ཀྱིས་ཁོང་གི་ཚབ་ཏུ་ནོར་ལུག་ལ་ལྟ་བ་དང་། ལས་སྟེགས་ཀྱིས་ཁོང་ལ་ཉེན་ཁ་ལས་གཡོལ་རོགས་བྱས་པས་སེམས་བདེ་པོ་བྱུང་བས་ནོར་ནག་བོར་བརླག་འགྲོ་བར་སེམས་ཁྲལ་བྱེད་མི་དགོས། ནོར་ནག་གིས་སྐེ་རྒྱན་ལ་བརྟེན་ནས་དུས་དང་རྣམ་པ་ཀུན་ཏུ་གནས་གཏན་འཁེལ་བྱེད་ཐུབ།།
འབྲོག་པ་སྟག་ལྷར་ཚོར་སྣང་དེ་འདྲ་བྱུང་། གནམ་གཤིས་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་འཚོ་བ་རིམ་བཞིན་ཡུན་རིང་འགོར་སོང་བ་དང་ཚན་རྩལ་ལས་བྱུང་བའི་བརྟན་ལྷིང་དང་ཕན་འབྲས་ཆེ་བས་གསོ་སྤེལ་ལ་གདེང་ཚོད་ཆེ་ཞིང་འབབ་འཕར་ལ་འགན་ལེན་ཐུབ་ཡོད། “རགས་གསོ་བྱེད་པ”ནས“དོ་དམ་ཞིབ་ཚགས་བྱེད་པ”དང་། “ཉམས་མྱོང་ལ་བརྟེན་པ”ནས“གཞི་གྲངས་ལ་བརྟེན་པའི”བར་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་པ་དང་འབྲོག་པའི་ངར་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད།
ཐོན་ལས་དར་རྒྱས་བྱུང་ན་གྲོང་གསེབ་དར་རྒྱས་ཡོང་གི་རེད། མཛོ་རྒན་རྭ་བར་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཀུན་དགའ་རྒྱལ་མཚན་གྱིས་གྲོང་ཚོའི་འགྱུར་ལྡོག་ལ་བལྟས་ནས་བློ་བརྟན་འགྱུར་མེད་ཀྱིས་ཁེངས་པ།
“ངར་ཤུགས་ཆེན་པོས་འཕེལ་རྒྱས་དམ་འཛིན་བྱེད་པའི་སྲོག་ཤིང་ནི་ཐོན་ལས་རྩ་བ་ཚུགས་པ་དང་འབྲོག་པའི་འབབ་འཕར་ཡོང་བ་བྱ་རྒྱུ་དེ་རེད”ཅེས་ཀུན་དགའ་རྒྱན་མཚན་གྱིས་བློ་རིག་ཕྱུགས་ལས་རྣམ་གྲངས་ནི་སྐྱེ་ཁམས་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་གོམ་སྟབས་ཤིག་རེད། ཚན་རྩལ་ལ་བརྟེན་ནས་མཐོ་སྒང་གི་སྔོ་ཆུ་ལྗང་རི་སྲུང་སྐྱོང་བྱས་པ་མ་ཟད། ཕྱུགས་ལས་ཐོན་ལས་ཀྱང་སྟོབས་ཆེར་གཏོང་ཐུབ་ཡོད། མ་དཔེ་འདིར་དོན་སྙིང་གཏིང་ཟབ་ལྡན།
མ་དཔེ་འདིར་དོན་སྙིང་གཏིང་ཟབ་ལྡན།
རྨ་སྟོད་རྫོང་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱི་ལྟེ་བའི་ས་ཁུལ་ཞིག་ཡིན་པ་དང་ཕྱུགས་ལས་ནི་དེའི་གཙོ་ཁྲིད་ཐོན་ལས་ཤིག་རེད། སྲུང་སྐྱོང་དང་འཕེལ་རྒྱས་དེ་གཉིས་ཀྱི་འབྲེལ་བ་ཐག་གཅོད་བྱ་ཆེད། ས་གནས་དེས་རིག་ལྡན་ཕྱུགས་ལས་གསོ་སྤེལ་འཕེལ་རྒྱས་བཏང་བ་བརྒྱུད་ནོར་ནག་ལ“གཞི་གྲངས་ཀྱི་ཐོབ་ཐང་ལག་ཁྱེར”བཟོས་པ་དང་། GPSསྐེ་རྒྱན་དང་གློག་རྡུལ་རྣ་རྟགས་བརྒྱུད་གནས་ཡུལ་དང་། ལུས་དྲོད། འགུལ་སྐྱོད་བྱེད་ཚད་སོགས་ཀྱི་གཞི་གྲངས་དུས་ཐོག་ཏུ་འཚོལ་བསྡུ་དང་། རྩྭ་རའི་ཕྱུགས་རིགས་ཐེག་ཚད་ལ་དབྱེ་ཞིབ་བྱས་པ་བརྒྱུད་རྩྭ་ཕྱུགས་དོ་སྙོམས་ཀྱི་འགུལ་རྣམ་སྙོམས་སྒྲིག་དང་ཚོད་འཛིན་ཐུབ་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཀྱི“གཉིས་ཁེ”མངོན་འགྱུར་བྱུང་ཡོད།
མངོན་འགྱུར2008ལོར་མགོ་ལོག་ཁུལ་གྱིས་སྐྱེ་ཁམས་འབྲོག་ལས་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་འབྲོག་ལས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ནོར་ནག་གསོ་སྤེལ་དང་། གཟན་རྩྭ་འདེབས་འཛུགས། ཞིང་ཕྱུགས་ཐོན་རྫས་ཐོག་མར་ལས་སྣོན་ཕྱིར་ཚོང་བཅས་ཕལ་པར་བྱེད་པའི་འཕེལ་རྒྱས་གཏོང་སྟངས་རགས་ཙམ་ཆགས་ཡོད།
ཐུན་མོང་མ་ཡིན་པའི་རང་བྱུང་གི་ལེགས་ཆ་ལྡན་པའི་ཐོན་ཁུངས་ལ་བརྟེན་ནས་སྤུས་ལེགས་ཐོན་རྫས་དང་ལེགས་ཆ་ལྡན་པའི་སྤུས་རྟགས་གཏོད་དེ་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་སྔར་བས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་ཆེད་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་བཙུགས།
རྩྭ་ཐང་དུ“སྤྲིན་མཛོད”བསྐྲུན་པ་དང་ཕྱུགས་རའི“བློ་རིག་མཛོད” ཚན་རྩལ་གྱིས་ནུས་པ་སྤྲད་དེ་སྲོལ་རྒྱུན་ཕྱུགས་ལས་ཀྱི་ངོ་བོ་ལ་འགྱུར་ལྡོག་རིམ་སྤོར་ཡོང་བར་བྱེད་པ། ལས་བྱེད་པ་དང་མང་ཚོགས་སེམས་གཅིག་ཏུ་གྱུར་ནས་འཕེལ་རྒྱས་ཀྱི་ངར་ཤུགས་འགོག་ཐབས་མེད་པ་ཞིག་ཏུ་གྱུར་ཡོད།
མིག་སྔར་མཚོ་རུག་སྡེ་བའི་བློ་རིག་ལྡན་པའི་ཕྱུགས་ལས་གསོ་སྤེལ་བྱེད་སྟངས་དེས་ས་གནས་དེའི་ཕྱུགས་ལས་འཕེལ་རྒྱས་ལ་ཚད་གཞི་བཏོད་པ་མ་ཟད། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་རྒྱུ་དང་ཞིང་འཕྱུག་ཁུལ་གྱི་ཐོན་འཕར་འབབ་འཕར་མངོན་འགྱུར་ཡོང་བའི་ཐད་གོམ་སྟབས་བརྟན་པོ་ཞིག་སྔར་བས་སྤོས་ཡོད།
གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུའི་ཐོག་ཐོན་ལས་ནི་རྨང་གཞི་ཡིན་པ་དང་། དངོས་སྒྲུབ་ནི་གཏིང་ཤུགས་ཡིན།
མཚོ་རུག་སྡེ་བའི་རྩྭ་ཐང་དུ་འབྲོག་གླུ་རྙིང་པ་རིམ་བཞིན་ཐག་རིང་དུ་ཕྱིན་ནས་རོལ་དབྱངས་གསར་པ་དཀྲོལ་བཞིན་ཡོད།