ཟླ4པའི་ཚེས13ཉིན། ཞིང་ཆེན་སྲིད་གྲོས་རྩ་འཛུགས་ལས་ཁུངས་ཀྱི་ལས་བྱེད་པ་དང་ཞིང་ཆེན་དང་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན་ཁ་ཤས་ཀྱིས་ཟི་ལིང་བྱང་རིའི་ཏ་ཏུན་ལིན་སྡོང་འཛུགས་ཁུལ་དུ་སེམས་པ་གཅིག་མཐུན་གྱིས་སྡོང་འཛུགས་ནགས་བསྐྲུན་དང་མཛེས་པའི་མཚོ་སྔོན་མཉམ་སྐྲུན་བྱེད་ཅེས་པའི་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲིའི་སྡོང་འཛུགས་བྱེད་སྒོ་སྤེལ་ཏེ། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་དང་ནགས་དཔོན་རྩྭ་དཔོན་ལམ་ལུགས། ཆུ་དཔོན་མཚེའུ་དཔོན་ལམ་ལུགས་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་བྱང་གསུམ་བཟོ་སྐྲུན་གྱི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཞའོ་ནན་བྱེད་སྒོར་ཞུགས།
སྡོང་འཛུགས་ཡུལ་དངོས་སུ། ཚང་མས་ལྕགས་ཁེམ་བཟུང་ནས་ས་སློག་སྟེ། མཐོ་སྒང་དུ་འཚམ་པའི་སྡོང་ཕྲུག་རེ་རེ་རིམ་པ་བཞིན་བཙུགས་ནས། དཔྱིད་དཔལ་དལ་གྱིས་རྒྱས་པའི་མཐོ་སྒང་གི་ས་གཞི་ཆེན་མོའི་སྟེང་དུ་སྐྱེ་སྟོབས་ཀྱིས་ཁེངས་པའི་གསོན་ཤུགས་གསར་པ་ཞིག་བསྣན། བྱེད་སྒོའི་ཁྲོད་ཞུགས་པའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་བལྟས་ན། མཚོ་སྔོན་ནི་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཡིན་པའི་ཆ་ནས། མཐོ་སྒང་གི་སྐྱེ་ཁམས་ལ་སྲུང་སྐྱོབ་བཟང་པོ་བྱེད་པ་ནི་གཡོལ་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན། རྗེས་ཕྱོགས་རྒྱུན་ཆད་མེད་པར་ཨུ་ཡོན་གྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་གཞོལ་བ། སྤྱི་ཚོགས་ལས་རིགས་ཁག་རྒྱལ་ཁོངས་ལྗང་སྒྱུར་གྱི་འགུལ་སྐྱོད་ཁྲོད་ཞུགས་པར་སྐུལ་ཁྲིད་བྱས་ནས། མཛེས་པའི་མཚོ་སྔོན་འཛུགས་སྐྲུན་ཐད་མུ་མཐུད་རོགས་ཤུགས་འདོན་དགོས་པར་འདོད།