ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་འཕྲིན་བཅར་ཅུས་སུ་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས13ཉིན་གྱི་སྔ་དྲོར།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་ཞིང་ཆེན་འཕྲིན་བཅར་ཅུས་སུ་སོང་ནས་རྟོག་ཞིབ་དང་འཕྲིན་བཅར་དུ་ཡོང་བའི་མང་ཚོགས་ལ་སྣེ་ལེན་བྱས།   ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་།   སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ཏེ་སྐོར་གཅིག་ཅན་དྲུག་གི་བྱ་བའི་བླང་བྱར་དཔེ་བསྡུར་བྱེད་པ་དང་།    འཕྲིན་བཅར་གྱོད་གཞི་གཙོ་བོ་སྐོར་ཞིག་ཐག་གཅོད་རྒྱུ་དེ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་དཔྱད་ཞིབ་བྱེད་པའི་ཕྱོགས་གཙོ་བོར་བརྩིས་ནས་སྲིད་འབྲས་ལྟ་བ་ཡང་དག་དེ་འཕྲིན་བཅར་ལས་དོན་རེ་རེ་བཟང་བོར་སྒྲུབ་པའི་སྟེང་མངོན་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་འཕྲིན་བཅར་ཅུས་སུ།  ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་གྲངས་ནུས་འཕྲིན་བཅར་ཆ་འཕྲིན་ཅན་ལས་གཞི་འཛུགས་སྐྲུན་འཁོར་སྐྱོད་དང་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་དང་རྒྱུས་ལོན་བྱས་ཏེ།   འཕྲིན་བཅར་བྱ་བའི་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་།     འཕྲིན་བཅར་རིགས་ཀྱི་གྱོད་གཞི་དང་ཐག་བཅད་མེད་པའི་གྱོད་གཞིའི་ཞིབ་འཇུག་བརྡར་གཅོད་དང་ཐག་གཅོད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ།   འགོ་ཁྲིད་ལས་བྱེད་པས་གྱོད་གཞི་སྒྲུབ་པའི་འགན་འཁྲི་ཇེ་དམ་དུ་གཏོང་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་ཞེས་བསྟན།

དེའི་རྗེས་སུ།  ཝུའུ་ཞའོ་ཅུན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཞུ་གཏུག་བྱེད་དུ་ཡོང་བའི་མང་ཚོགས་སྣེ་ལེན་ཁང་དུ་སོང་ནས་དེར་ཡོད་པའི་མང་ཚོགས་ཀྱི་རེ་འདུན་ལ་ཉན་པ་དང་།    མང་ཚོགས་ཀྱིས་ཚུར་སྣང་བྱས་པའི་བཟོ་སྐྲུན་མ་དངུལ་ནར་འགྱངས་དང་སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད་བཤིག་སྤོའི་བཀོད་སྒྲིག་དུས་འགྱངས་བྱས་པ་སོགས་ཀྱི་གནད་དོན་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད།   འབྲེལ་ཡོད་འགན་འཁུར་བློ་མཐུན་དང་མཉམ་དུ་ཡུལ་དངོས་ནས་ཐག་གཅོད་ཇུས་གཞིར་ཞིབ་འཇུག་བྱས་ཤིང་།    མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་།    བརྩེ་སེམས་ལྡན་པའི་སྒོ་ནས་འཕྲིན་བཅར་བྱ་བ་བཟང་བོར་སྒྲུབ་པ།   མྱུར་ཚད་ཆེས་མགྱོགས་པ་དང་ཇུས་གཞི་ཆེས་ལེགས་པོའི་སྒོ་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ལུགས་མཐུན་གྱི་རེ་འདུན་ཐག་གཅོད་པ།   གནད་དོན་ཐག་གཅོད་དང་རོགས་སྐྱོར་རོགས་སྐྱོབ།   བསམ་ཕྱོགས་ལེགས་སྒྲིག་སོགས་ཀྱི་བྱ་བར་གཅིག་གྱུར་སྐུལ་འདེད་གཏོང་བ།   འགལ་བ་དང་ཉེན་ཁ་སྣ་ཚོགས་ཀྱི་ཞིབ་བཤེར་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློའི་དབྱེ་ཞིབ་ལ་ཤུགས་སྣོན་པ།    སྔོན་འགོག་བཟང་བོ་བྱེད་པ་དང་དོན་དག་ཁྲོད་ལྟ་སྐུལ་དོ་དམ་བྱེད་པ།  དོན་དག་རྗེས་ཀྱི་ཐག་གཅོད་བྱ་བའི་དོ་དམ་འཐུས་ཚང་དུ་གཏོང་བ།  ཧུར་ཐག་གིས་མང་ཚོགས་ཀྱིས་ཞུ་གཏུག་མ་བྱས་གོང་ལ་གནད་དོན་ཐག་གཅོད་ཐུབ་པ་བཅས་བྱས་ནས་འཕྲིན་བཅར་མང་ཚོགས་ཀྱི་གནད་དོན་དང་སེམས་ཁྲལ་གཉིས་ཀ་སེལ་དགོས་ཞེས་ནན་གྱིས་བསྟན།

ལིའུ་ཆི་ཧྥན་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།