
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “དེ་སྔ་ལུག་གསོ་སྐབས་ཉམས་མྱོང་ལ་བརྟེན་དགོས་ཀྱང་ད་ཆ་སྒོ་ཟོག་གི་རྗེས་སུ་འབྲངས་ནས་ལག་རྩལ་སྦྱངས་པས་ངའི་ཁྱིམ་གྱི་ལུག་གིས་ལོ་གཉིས་ནང་ལུ་གུ་གསུམ་སྐྱེ་ཐུབ་ཀྱི་འདུག”ཅེས་འབྲོག་པ་ཚེ་རིང་གིས་ལག་ཏུ་འབྱོར་མ་ཐག་པའི་ལག་རྩལ་ལག་དེབ་འཁྱེར་ནས་གདོང་ལ་འཛུམ་མདངས་ཀྱིས་ཁེངས་འདུག
དེ་སྔ“གནམ་ལ་བརྟེན་ནས་འཚོ་བ་སྐྱེལ་བའི”རྩྭ་ཐང་དེར་ད་ཆ་སྔར་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད།
དཔྱིད་མཉམ་གྱི་དུས་སུ་ཞོགས་པའི་ཉི་ཟེར་མདོ་ལ་རི་བོར་ཕོག་པ་དང་མཉམ་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མདོ་ལའི་བརྩེ་ལྡན་འབྲོག་ཁྱིམ་ཚང་གི་ཕྱུགས་རར་ལྕགས་ཀྱིས་བཟོས་པའི་ཚད་ལྡན་ཅན་གྱི་ལུག་ར་ཉི་ཟེར་ཁྲོད་འོད་ཆེམ་ཆེམ་བྱེད་ཅིང་། རྩྭ་ཁང་དང་ཕྱུགས་སྨན་རྫས་འགྱུར་བརྟག་དཔྱད་ཁང་གི་མཐའ་འཁོར་དུ་གོ་རིམ་བཞིན་བསྟར་བ་དང་། ཉི་ཟེར་གྱི་ཀློང་དུ་དེང་རབས་ཀྱི་ཁང་པའི་མཐའ་ཟུར་འོད་ལམ་ལམ་རྒྱང་རིང་གི་གངས་རིའི་ཕྲེང་རྒྱུད་དང་གཅིག་ཏུ་འཕྲོས་ཏེ། སྲོལ་རྒྱུན་འབྲོག་ཁུལ་དེང་རབས་འབྲོག་ལས་ཕྱོགས་སུ་སྒྱུར་བའི་ལྗོངས་རིས་ས་མཐོར་རིམ་གྱིས་མངོན།
མདོ་ལའི་བརྩེ་ལྡན་འབྲོག་ཁྱིམ་ཕྱུགས་རའི་བལ་དཀར་ལུག་རྒྱུད་གསོ་སྤེལ་ར་བ་དེ་ནི2023ལོའི་ཟླ་3པར་ཐོ་འགོད་བྱས་ནས་བཙུགས་པ་དང་། 2024ལོའི་ཟླ8པར་སྒོ་ཕྱུགས་དང་ཁྱིམ་བྱ་རྒྱུད་བཟང་གསོ་སྤེལ་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་ཐོབ་ནས་དུས་ཡུན་ལོ་གཉིས་ནང་ཁྱིམ་ཚང་ཕྱུགས་ར་ནས་དེང་རབས་ཅན་གྱི་གསོ་སྤེལ་རྟེན་གཞིའི་ཕྱོགས་སུ་གོམ་ཁ་བསྒྱུར་ཐུབ་པ་བྱུང་། མཐའ་འཁོར་གྱི་རྩྭ་ར་སྤྱི་ཆིང2666.67བོགས་མར་བཏང་སྟེ། རྩྭ་ས་གཞི་ཁྱོན་སྤྱི་ཆིང2766.67བར་རྒྱ་བསྐྱེད་ནས་རང་ལ་ཡོད་པའི་རྩྭ་རའི་ཐོན་ཁུངས་ཁོ་ན་ལས་མེད་པའི་འགག་སྒོ་ལས་ཡོངས་སུ་བརྒལ། 2024ལོར་ཧྲན་ཏུང་གི་རོགས་སྐྲུན་མ་དངུལ་སྒོར་ཁྲི1000བཏང་ནས་ཚད་ལྡན་ཅན་གྱི་ལུག་ར་དང་། ཟུར་ཁང་། ཕྱུགས་སྨན་རྫས་འགྱུར་བརྟག་དཔྱད་ཁང་སོགས་གཞི་གཅིག་ཏུ་འདུས་པའི་གསོ་སྤེལ་རྟེན་གཞི་བསྐྲུན་པས་ས་མཐོའི་འབྲོག་ཁུལ་དང་དེང་རབས་འབྲོག་ལས་གཉིས་ཕན་ཚུན་སྦྲེལ་མཐུད་ལ་རྨང་གཞི་བརྟན་པོ་བཏིངས།
“སྔོན་ཆད་མ་མོ་རེ་ལ་ལོ་རེར་ལུ་གུ་གཅིག་རེ་སྐྱེས་ཐུབ་ན་ཡང་། གྲང་ངར་ཆེ་བའི་བཙག་རླུང་གིས་ལུ་གུ་གསོན་ཚད་བརྒྱ་ཆ་བརྒྱད་ཅུ་ཡང་ཟིན་གྱི་མེད། ལོ་གཅིག་ལ་ཁོམ་ལོང་མེད་པར་ལས་ཀར་བྲེལ་ན་ཡང་ཡོང་སྒོ་ཅུང་ཙམ་ལས་རག་ཐུབ་ཀྱི་མེད”ཅེས་ཕྱུགས་རའི་འགན་འཁུར་བ་ལུག་རའི་མདུན་དུ་ཙོག་དེ་སྐྱེས་ནས་ཟླ་གཅིག་ལོན་མ་ཐག་པའི་ལུ་གུ་ཞིག་གི་རྣ་རྟགས་བསྟན་པ་དང་སྦྲགས་དེར་ཕབ་པའི་རྩ་གཉིས་རྟགས་གསལ་པོར་མཐོང་། ད་ཆ་སྔོན་ཆད་ཀྱི་སེམས་ཁྲལ་དེ་འདྲ་བྱེད་མི་དགོས། ཚན་རྩལ་གྱི་ནུས་ཤུགས་འོག་ཕྱུགས་ར་འདིའི“ལོ་གཉིས་ནང་ལུ་གུ་གསུམ”སྐྱེས་ཐུབ་པའི་ལྟེ་བའི་ལག་རྩལ་ཁྱབ་གདལ་བཏང་ཡོད་དེ། ལུ་གུར་སྔ་མོ་ནས་འོ་མ་བཅད་ནས་གཟན་ཆས་ཁ་གསབ་དང་། སྐྱེ་འཕེལ་དུས་འཁོར་སྙོམས་སྒྲིག་སོགས་ཀྱི་གསར་གཏོད་བྱེད་ཐབས་སྤྱད་པས་མདོ་ལ་ལུག་རར་ལོ་གཉིས་ནང་ལུ་གུ་གསུམ”སྐྱེས་ཐུབ་པ་མངོན་འགྱུར་བྱས་པ་མ་ཟད། མ་མོ་ཁག་ཅིག་གིས་ལུ་གུ་མཚེ་རེ་སྐྱེས་ཐུབ་པ་ཡང་མངོན་འགྱུར་བྱུང་།
དེ་ལྟར་ལག་རྩལ་གསར་བཅོས་ལས་བྱུང་བའི་འགྱུར་ལྡོག་མངོན་གསལ་ཡིན་ཞིང་། ལུ་གུ་གསོན་ཚད་དེ་སྲོལ་རྒྱུན་གྱི་ཕྱུགས་འཚོ་བའི84%ནས96%བར་འཕར་བ་དང་། ཕྱུགས་འཚོ་བའི་དུས་འཁོར་དེ་ལོ་ཧྲིལ་བར1.5ནས་ཟླ་བ6བར་ཇེ་ཐུང་དུ་ཕྱིན་པས། དེ་སྔར“ལུག་ལོ་གསུམ་ལ་གསོས་སོང་རྗེས་ཕན་འབྲས་མཐོང་བའི”དཀའ་ངལ་རྦད་དེ་སེལ། ཕྱུགས་སྨན་རྫས་འགྱུར་བརྟག་དཔྱད་ཁང་དུ་ལག་རྩལ་པས་གཞི་རྒྱུ་ཞིབ་དཔྱད་ཚད་ལེན་སྒྲིག་ཆས་བརྒྱུད་དེ་སྦྲུམ་མང་མ་མོ་གདམ་གསེས་བྱེད་བཞིན་ཡོད་པ་དང་། ལུག་ར་ཕྱི་རོལ་གྱི་གཟན་ཆས་ཁ་གསབ་ཁུལ་དུ་ལུ་གུ་མི་འདྲ་བར་གཞིགས་ནས་སྐྱེ་འཕེལ་དུས་རིམ་གྱི་ཚན་རིག་དང་མཐུན་པའི་སྡེབ་སྡུར་ཀྱི་ཉིན་རེའི་གཟན་ཆག་གཏོར། རྩྭ་སྔོན་གྱི་ ལྕགས་སྒྲོམ་དོ་དམ་སྲུང་སྐྱོང་ཁུལ་དུ་མ་མོ་དང་ལུ་གུ་དུས་མཚམས་བགོས་ནས་མ་བུ་མཉམ་སྡོད་བྱེད་དུ་བཅུག་ཡོད་པས། འོ་མ་འབབ་པར་འགན་ལེན་བྱས་པ་མ་ཟད། སྐབས་བསྟུན་གྱི་གནས་ཚུལ་མི་ལེགས་པ་འབྱུང་བའི་ཉེན་ཁ་ཡང་ཇེ་ཆུང་དུ་བཏང་སྟེ། རྒྱུད་མཐུད་གསོ་སྤེལ་ལ་རྨང་གཞི་བརྟན་པོ་བཏིངས།
“མ་ཁྱུ་དང་ཁྲོམ་སོ་སོར་བཀར་བ། མ་ཁྱུར་ཁྲོམ་རྒྱག་པ། ལུ་གུ་བཙའ་བ། མ་མོ་དང་ལུ་གུ་སོ་སོར་བཀར་བ། གཅིག་གྱུར་གྱིས་ཕྱིར་འདོན་པ”བཅས་ཀྱི“གཅིག་གྱུར་ལྔའི”དོ་དམ་བྱེད་སྟངས་ཀྱིས་གསོ་སྤེལ་ཀྱི་བརྒྱུད་རིམ་ཧྲིལ་པོ་མངོན་འགྱུར་ལ་ལྟ་ཞིབ་ཚད་ལེན་དང་ཁུངས་འདེད་བྱས།
ཕྱོགས་སྒྱུར་གྱི་ཕན་འབྲས་དེ་ནི་སྲིད་ཐོན་སློབ་ཞིབ་དབར་མཐུན་སྦྱོར་གཏིང་ཟབ་བྱས་པ་ལས་བྱུང་བ་ཞིག་རེད། 2024ལོ་ནས་བཟུང་ཕྱུགས་ར་དང་མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཕྱུགས་སྨན་ཚན་རིག་ཁང་དང་ཀྲུང་གོ་ཞིང་ལས་ཚན་རིག་ཁང་ལན་ཀྲོའུ་ཕྱུགས་ལས་དང་ཕྱུགས་སྨན་ཞིབ་འཇུག་སུའོ་སོགས་ཚན་ཞིབ་ཁང་དང་ལག་གདང་སྦྲེལ་ནས་སྦྲུམ་མང་གཞི་རྒྱུ་ཞིབ་དཔྱད་ཚད་ལེན་དང་ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྐྱོང་སོགས་དམིགས་སུ་བཟུང་སྟེ་གནད་འགག་ལག་རྩལ་གྱི་འགག་སྒོ་གཏོར་བ་རེད། སྦྲུམ་མང་གཞི་རྒྱུ་འཛིན་པའི་ཁྲོམ་མ་ཁྱུར་བརྒྱབ་ཏེ། ལུག་རྒྱུད་བཟང་པོ་རྒྱུད་སྤེལ་གྱི་དུས་འཁོར15%ཇེ་ཐུང་དུ་ཕྱིན་པ་དང་རྒྱུད་སྤེལ་གསོན་ཚད92%བར་མཐོ་རུ་ཕྱིན།
མིག་སྔར་སྦྲུམ་མང་མདོ་ལའི་ལུག་གིས་གྲུབ་པའི་ལྟེ་བའི་ལུག358ས་ཁོངས་རྒྱུད་ཁུངས་ཀྱི“གཞི་རྒྱུའི་མཛོད”དུ་གྱུར། དེའི་ནང་མོ་ལུག338དང་ཁྲོམ20ཡོད་པས། མདོ་ལའི་ལུག་གི་ཐོན་ལས་ཧྲིལ་པོར་སྤུས་ལེགས་པའི“གཞི་རྒྱུའི་མཛོད”མཁོ་འདོན་བྱས།
ཐོན་ལས་དར་ན་འབྲོག་པ་ཕྱུག་པོར་བསྒྱུར། མིག་སྔའི་བར་ཕྱུགས་ར་དེས་རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི408ཟིན་པ་དང་། ལུག་རར་ལུག3400ཕྱིར་བཏང་བའི་ནང་རྒྱུད་བཟང་ལུག1700མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གུང་ཧོ་རྫོང་དང་ཟི་ལིང་གྲོང་ཁྱེར་ཙོང་ཡོན་རྫོང་སོགས་སུ་བཏང་ནས་མངལ་མང་གི་ཁེ་བཟང་གི་ལག་ཐབས་ཁྱབ་གདལ་ས་ཁོངས་རྒྱ་ཆེ་རུ་ཕྱིན།
གསོ་སྤེལ་ཀྱི་ལས་རིགས་གཙོ་བོ་བརྟན་དུ་གཏོང་བ་དང་དུས་མཚུངས་ཕྱུགས་རའི་ལས་སྣོན་ཞིབ་ཚགས་ཞིབ་བཟོ་སྤུས་ལེགས་དང་། གློག་རྡུལ་ཚོང་དོན་ཕྱིར་ཚོང་། རང་སོའི་ཁྱད་ཆོས་ལྡན་པ་གསོ་སྐྱོང་ཁས་ལེན་སོགས་ཀྱི་མངའ་ཁོངས་ཕྱོགས་སུ་རྒྱ་བསྐྱེད་དེ་སྲོལ་རྒྱུན་གྱི་ཕྱུགས་ར་དེ་དེང་རབས་ཅན་གྱི་ཁེ་ལས་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
རྩྭ་ཁང་གི་སྟེང་དུ་ལངས་ནས་རྒྱང་ལྟ་བྱེད་བྱས་པ་ན། སྤྱི་ཆིང་2766.67ཡོད་པའི་རྩྭ་རའི་ཐོག་ཁྱུ་དང་ཁྱུ་བཞིན་རྒྱུ་བའི་མདོ་ལའི་ལུག་གིས་རྩྭ་འགམ་བཞིན་འདུག ཕྱུགས་རའི་འགན་ཁུར་བས་རྒྱང་རིང་གི་འཆར་འགོད་རི་མོར་མཛུབ་མོ་བཙུགས་ཏེ་འདི་སྐད། “འབྱུང་འགྱུར་ང་ཚོས་མུ་མཐུད་ཚན་རིག་ལག་རྩལ་ལ་མུ་མཐུད་དུ་ནུས་ཤུགས་བརྒྱབ་ཏེ། ‘མདོ་ལའི་མ་དཔེ’འདྲ་བཟོ་དང་རྒྱ་ཆེར་སྤེལ་བ་ཐུབ་པ་བྱ་རྒྱུ་ཡིན”ཟེར། ཞོགས་པའི་ཉི་ཟེར་ཁྲོད་ལུག་རར་འབའ་སྒྲ་བར་མེད་དུ་མཆེད་འོང་ཞིང་། རྒྱང་རིང་གི་པཱ་པའོ་ཆུ་བོའི་བཞུར་སྒྲ་དང་བསྡེབས་ནས་ས་མཐོའི་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབྲོག་གླུ་གསར་པ་དཀྲོལ་བ་མ་ཟད། གྲོང་གསེབ་དར་རྒྱས་ཡོང་བར་ཚན་རྩལ་གྱི་སྒུལ་ནུས་རྒྱུན་ཆད་མེད་པར་བསྣན་ཡོད་དོ། །