ཡུས་ཧྲུའུ་ཡི་ནགས་ཚལ་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཁྱབ་ཚད64.09%ལ་སླེབས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ4པའི་ཚེས11ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྡེ་ཁག་དེའི་བསྡོམས་རྩིས་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན།  ནགས་ཚལ་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཁྱབ་ཚད་64.09%ལ་སླེབས་ཡོད་ཅིང་། ནགས་ཚལ་གྱི་ཁེབས་ཚད་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད“གཉིས་ཀ་མཐོ་རུ་ཕྱིན་པ”མངོན་འགྱུར་བྱུང་བ་དང་། རྒྱལ་ཁབ་ས་ཆ་ལྗང་བསྒྱུར་དང་དེ་བཞིན་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འདི་དག་གི་རིང་ལ། ཡུས་ཧྲུའུ་ཁུལ་གྱིས་རྒྱལ་ཁབ་ཀྱི་རྩྭ་སའི་སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ལས་གཞི་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སླར་གསོ་སོགས་སྐྱེ་ཁམས་འཛུགས་སྐྲུན་གྱི་བཟོ་སྐྲུན་ལས་གཞི་གལ་ཆེན་ལག་བསྟར་བྱས་ཡོད། ཡུས་ཧྲུའུ་ཁུལ་ཏང་དང་སྲིད་གཞུང་གིས་རྒྱལ་ཁབ་ས་ཆ་ལྗང་བསྒྱུར་དང་དེ་བཞིན། “གཙོ་གནད་གཉིས”ཀྱི་བཟོ་སྐྲུན་འཛུགས་སྐྲུན་ལས་འགན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་ཐེངས་མང་འཚོགས་ནས། རྒྱུན་རྣམ་ཅན་གྱི་འགན་གཙང་ལེན་མཉམ་འབྲེལ་ལྟ་སྐུལ་མཛུབ་སྟོན་མ་ལག་བཀོད་གཏོང་བྱས་པ་དང་། འགན་གཙང་ལེན་གྱི་མཉམ་འབྲེལ་ཐིང་རིམ་པའི་འགོ་ཁྲིད་4གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ལྟ་སྐུལ་མཛུབ་སྟོན་བྱེད་དུ་མངགས། དེ་མིན་ད་དུང་ཆེད་དོན་ལག་རྩལ་རོགས་སྐྱོར་རུ་ཁག་བཙུགས་ནས། ལས་སྒོའི་ཆེད་མཁས་པ་དང་རྐང་འཛིན་མི་སྣ16ས་ཚིགས་ནས་ས་ཚིགས་བར་གྱི་བཟོ་སྐྲུན་བྱེད་ས་རུ་སོང་ནས། ཡུལ་དངོས་ནས་ལག་རྩལ་སྐོར་ནས་མཛུབ་སྟོན་བྱས།

དུས་མཚུངས་སུ། ཡུས་ཧྲུའུ་ཁུལ་གྱིས“སུས་འཛུགས་སྐྲུན་བྱེད་པ་དང་སུས་སྲུང་སྐྱོབ་བྱེད་པ། སུ་ལ་ཕན་པ་ཐོབ་པ། སུས་འགན་འཁུར་བ”བཅས་ཀྱི་རྩ་དོན་དོན་འཁྱོལ་ནན་མོ་བྱས་ཏེ། དོ་དམ་སྲུང་སྐྱོབ་ཀྱི་འགན་འཁྲི་དེ་ཞང་དང་གྲོང་རྡལ། སྡེ་བ། སྡེ་ཁུལ་བཅས་སུ་ཞིབ་ཚགས་ངང་བགོས་ནས། འབྲོག་ཁྱིམ་རེ་རེས་དོ་དམ་སྲུང་སྐྱོབ་ཀྱི་འོས་འགན་ཡི་གེའི་སྟེང་མིང་རྟགས་བཀོད་ཡོད། དེ་མིན་ད་དུང་འོས་འགན་བླང་བྱ་སྔར་ལས་ཁ་གསལ་བཟོས་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་རྒྱུན་གཏན་གྱི་སྐོར་གཡེང་ནང་ཞུགས་རྒྱུར་སྐུལ་སློང་གང་ལེགས་བྱས་ཏེ། དམངས་ཡོངས་སྐྱེ་ཁམས་སྲུང་སྐྱོབ་ནང་ཞུགས་པའི་མཉམ་ཤུགས་ཆེན་པོ་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།