ལས་ཁུངས་ཀྱིས་ལས་ཀ་བ་ཚོད་ལྟ་བྱེད་པའི་རིང་ལ་གླ་ཕོགས་ཇེ་ཉུང་དུ་གཏང་ཆོག་གམ།
དེ་ཡང་ལས་ཁུངས་ཀྱིས་ལས་ཀ་བ་ཚོད་ལྟ་བྱེད་པའི་རིང་ལ་ཚད་གཞི་གང་གཞིར་བཟུང་ནས་གླ་ཕོགས་སྟེར་བ་ཡིན་ཞེ་ན།《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》གི་དོན་ཚན་བཅོ་ལྔ་པའི་ནང་དུ། ལས་ཀ་པ་ཚོད་ལྟ་བྱེད་པའི་རིང་གི་གླ་ཕོགས་དེ་ལས་ཁུངས་གང་དེའི་ལས་གནས་གཅིག་པ་ཅན་གྱི་མ་མཐའི་གླ་ཕོགས་ཀྱི80%ལས་དམའ་མི་རུང་། ཡང་ན་ངལ་རྩོལ་གན་རྒྱའི་སྟེང་ཁ་ཆད་བཞག་པའི་གླ་ཕོགས་ཀྱི80%ལས་དམའ་མི་རུང་བ་མ་ཟད། མི་བཀོལ་ལས་ཁུངས་ཡོད་སའི་ཡུལ་དེའི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ལས་ཀྱང་དམའ་མི་རུང་བ་གཏན་ལ་ཕབ་འདུག །
ལོ་རེའི་ངལ་གསོ་གནང་བའི་སྐབས་ཀྱི་གླ་ཕོགས།

《ལས་བཟོ་པའི་གླ་ཕོགས་ཡོད་པའི་ལོ་རེའི་ངལ་གསོ་གནང་བའི་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་། ལས་ཁུངས་ཀྱིས་ལས་བཟོ་བར་ལོ་རེའི་ངལ་གསོ་གནང་བ་ལོངས་སྤྱོད་ཐུབ་པར་འགན་ལེན་བྱེད་དགོས་པ་མ་ཟད། ལས་བཟོ་བས་ལོ་རེའི་ངལ་གསོ་གནང་བ་གཏོང་བའི་སྐབས་ཀྱང་རྒྱུན་ལྡན་ལས་ཞུགས་སྐབས་ཀྱི་གླ་ཕོགས་ཇི་བཞིན་དུ་ལོངས་སྤྱོད་ཐུབ་དགོས།
ནད་གསེང་གཏོང་བའི་རིང་གི་གླ་ཕོགས།
《ངལ་རྩོལ་པུའུ་ཡི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ངལ་རྩོལ་བཅའ་ཁྲིམས〉ལག་བསྟར་གྱི་གནད་དོན་འགའ་ལ་བཏོན་པའི་བསམ་འཆར》(ངལ་རྩོལ་པུའུ་ཡི〔1995〕ཡིག་ཆ་ཨང309པ)ཡི་དོན་ཚན་བཅུ་དགུ་བའི་ནང་དུ། ལས་བཟོ་བར་ནད་ཕོག་པའམ་ཡང་ན་ལས་རྨས་བྱུང་ནས་སྨན་བཅོས་བྱེད་པའི་སྐབས་སུ། གཏན་འཁེལ་ལྟར་སྨན་བཅོས་བྱེད་རིང་ལ་ཁེ་ལས་ཀྱིས་འབྲེལ་ཡོད་གཏན་འབེབས་ནང་བཞིན་ནད་གསེང་སྐབས་ཀྱི་གླ་ཕོགས་སམ་བཅོས་སྐྱོབ་འགྲོ་གྲོན་ཇི་བཞིན་དུ་སྟེར་དགོས་པ་མ་ཟད། ནད་གསེང་སྐབས་ཀྱི་གླ་ཕོགས་དང་བཅོས་སྐྱོབ་འགྲོ་གྲོན་གྱི་རིམ་པ་དེ་ས་གནས་དེ་གའི་མ་མཐའི་གླ་ཕོགས་ཀྱི་ཚད་གཞི་ལས་དམའ་ཆོག་ན་ཡང་། མ་མཐའི་གླ་ཕོགས་ཚད་གཞི་ཡི80%ལས་དམན་མི་རུང་།

ཉིན་ཧྲིལ་བོའི་ལམ་ལུགས་མ་ཡིན་པའི་ལས་ཀ་བའི་གླ་ཕོགས།
《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》གྱི་དོན་ཚན་དོན་གཉིས་པའི་ནང་། ཉིན་ཧྲིལ་བོའི་ལམ་ལུགས་མ་ཡིན་པའི་ལས་གླ་སྟེར་བའི་དུས་ཚོད་དེ་ཆེས་རིང་ན་ཡང་ཉིན15ལས་འདའ་མི་རུང་བ་མ་ཟད། ལས་གླའི་ཚད་གཞི་དེ་མི་བཀོལ་ལས་ཁུངས་ཡོད་སའི་མི་དམངས་སྲིད་གཞུང་གི་གཏན་འབེབས་བྱས་པའི་ཆུ་ཚོད་ལྟར་བརྩི་བའི་མ་མཐའི་ལས་གླ་ཡི་ཚད་གཞི་ལས་དམའ་མི་རུང་བ་གཏན་འབེབས་བྱས་ཡོད།
ལས་མཚམས་བཞག་ནས་སྨན་བཅོས་བྱེད་པའི་རིང་གི་གླ་ཕོགས།
《ལས་རྨས་ཉེན་འགོག་འགན་ལེན་སྲོལ་ཡིག》གི་དོན་ཚན་སོ་གསུམ་པའི་ཚན་པ་དང་པོའི་ནང་། ལས་བཟོ་པར་ལས་ཀའི་དོན་རྐྱེན་ཁྲོད་རྨས་ཕོག་པའམ་ཡང་ན་ལས་རིགས་ཀྱི་ནད་ཕོག་ཏེ་གནས་སྐབས་སུ་ལས་མཚམས་བཞག་ནས་སྨན་བཅོས་བྱེད་པའི་སྐབས་ལ། སྔར་ཡོད་ཀྱི་གླ་ཕོགས་དང་ཕན་བདེ་ལ་འགྱུར་བ་ཅི་ཡང་མེད་པར་ཟླ་རེར་ལས་ཁུངས་དེ་གས་སྟེར་དགོས་པ་གཏན་འབེབས་བྱས་ཡོད།
ཀུང་སིས་གླ་ཕོགས་སྟེར་དུས་གླ་ཕོགས་འཛིན་ཡིག་མ་སྤྲད་ན་ཆོག་གམ།
《གླ་ཕོགས་སྤྲོད་པའི་གནས་སྐབས་གཏན་འབེབས》གྱི་དོན་ཚན་དྲུག་པའི་ནང་དུ། མི་བཀོལ་ལས་ཁུངས་ཀྱིས་ངེས་པར་དུ་ཡིག་ཐོག་ཏུ་ལས་ཀ་བའི་གླ་ཕོགས་ཀྱི་གྲངས་འབོར་དང་དུས་ཚོད། ལེན་མཁན་གྱི་མིང་སོགས་འགོད་དགོས་པ་མ་ཟད། ལོ་གཉིས་ཡན་ལ་ཉར་ཚགས་བྱེད་དགོས། མི་བཀོལ་ལས་ཁུངས་ཀྱིས་གླ་ཕོགས་སྤྲོད་སྐབས་ལས་ཀ་པ་ལ་མི་སྒེར་གྱི་གླ་ཕོགས་གསལ་ཐོ་འདོན་སྤྲོད་བྱེད་དགོས་པ་གསལ་འབེབས་བྱས་ཡོད།

སྤྱི་ཚོགས་འགན་ལེན་གྲོན་དངུལ་དེ་གླ་ཕོགས་ལ་བཀུགས་ནས་སྤྲད་ཆོག་གམ་ཞེ་ན།
《སྤྱི་ཚོགས་ཉེན་འགོག་འགན་ལེན་བཅའ་ཁྲིམས》དང《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ནང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ན། མི་བཀོལ་ལས་ཁུངས་དང་ངལ་རྩོལ་པ་ངེས་པར་ཁྲིམས་བཞིན་དུ་སྤྱི་ཚོགས་ཀྱི་ཉེན་འགོག་འགན་སྲུང་ནང་ཞུགས་དགོས་ཤིང་། སྤྱི་ཚོགས་འགན་སྲུང་གི་གྲོན་དངུལ་དེ་མི་བཀོལ་ལས་ཁུངས་ཀྱིས་འཇལ་དགོས། དེ་ནི་མི་བཀོལ་ལས་ཁུངས་ཀྱི་ཁྲིམས་བཀོད་འོས་འགན་ཡིན། འོས་འགན་དེ་མི་བཀོལ་ལས་ཁུངས་དང་ངལ་རྩོལ་བས་ཁ་ཆད་བརྒྱུད་དེ་བཅོས་སྒྱུར་དང་འདོར་བསྐྱུར་གང་ཡང་བྱེད་མི་རུང་།
གླ་ཕོགས་སྟེར་བའི་ཉིན་དེ་དུས་ཆེན་ལ་སོགས་ཀྱི་གུང་གསེང་ལ་འཁེལ་ན་ཇི་ལྟར་བྱ།
《གླ་ཕོགས་སྤྲོད་སྟངས་ཀྱི་གནས་སྐབས་གཏན་འབེབས》ཀྱི་དོན་ཚན་བདུན་པའི་ནང་དུ། གླ་ཕོགས་དེ་ངེས་པར་དུ་མི་བཀོལ་ལས་ཁུངས་དང་ངལ་རྩོལ་བའི་ཁ་ཆད་བཞག་པའི་དུས་ཚོད་ནང་ལྟར་དུ་སྤྲོད་དགོས། གལ་ཏེ་དུས་ཆེན་གྱི་གུང་གསེང་དང་ཡང་ན་ངལ་གསོ་ཉིན་མོར་འཁེལ་བ་ཡིན་ན། ལས་ཀའི་ཉིན་མོ་འགའ་སྔ་སྣུར་གྱིས་སྤྲད་དགོས་ཞེས་གསལ་འབེབས་བྱས་ཡོད་དོ། །