ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ4པའི་ཚེས11ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་རྟོག་ཞིབ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཕྱོགས་བསྡུས་རང་བཞིན་དང་ཆུ་ཚད་མཐོ་བའི་དགེ་ཐོན་སློབ་ཆེན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པའི་སྟེང་ངེས་གནས་ཡང་དག་བཙལ་བ་དང་དགེ་མཚན་འདོན་སྤེལ་བྱེད་པ། ཁྱད་ཆོས་འབུར་དུ་དོད་པ་བཅས་ལ་འབད་བརྩོན་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྔར་ལས་ཞབས་འདེགས་བཟང་པོ་ཞུ་དགོས་ཞེས་ནན་གྱིས་བསྟན།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ལོ་རྒྱུས་དཔེ་ཁང་དུ། ལུའོ་ཏུང་ཁྲོན་གྱིས་སློབ་གྲྭའི་སློབ་གསོའི་སློབ་ཁྲིད་དང་། འཇོན་མི་གསོ་སྐྱོང་། ཚན་རིག་ཞིབ་འཇུག་དང་ས་གནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་བཤད་རྒྱུར། མཚོ་སྔོན་དགེ་ཐོན་སློབ་ཆེན་ནི་རང་ཞིང་གི་རྨང་གཞིའི་སློབ་གསོའི་དགེ་རྒན་དཔུང་ཁག་གསོ་སྐྱོང་དང་གསོ་སྦྱོང་བྱེད་སའི་རྟེན་གཞི་གལ་ཆེན་ཞིག་ཡིན། སློབ་སྒྲུབ་ཀྱི་རྨང་གཞི་མཐུག་ཅིང་གསོ་སྐྱོང་གི་གྲུབ་འབྲས་ཕུན་སུམ་ཚོགས་པར་བརྟེན། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ལས་དོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་འབུར་ཐོན་བཞག་ཡོད། འགོ་རྩོམ་ས་གསར་པའི་སྟེང་། ཐོག་མཐའ་བར་གསུམ་དུ་ཏང་གི་ཆེད་དུ་མི་སྐྱོང་བ་དང་། རྒྱལ་ཁབ་ཀྱི་དོན་དུ་འཇོན་མི་སྐྱོང་བའི་ཐོག་མའི་འོས་འགན་བརྟན་སྲུང་བྱས་ཏེ། སྤྱོད་ཁྲིད་མི་སྐྱོང་གི་རྩ་བའི་ལས་འགན་དངོས་འབེབས་བྱེད་པ་དང་། དགེ་རྒན་གྱི་སློབ་གསོའི་འགན་འཁྲི་གཙོ་བོ་གཏིང་ཟབ་ཏུ་གཏོང་བ། སློབ་གསོ་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། སློབ་གསོ་སློབ་ཁྲིད་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། འཇོན་མི་གསོ་སྐྱོང་གི་སྤུས་ཚད་ཇེ་མཐོར་གཏོང་བ་བཅས་ཀྱིས། སྔར་ལས་མང་བའི་མཚོ་སྔོན་དུ་གཞི་ཚུགས་པ་དང་གཞི་རིམ་དུ་ཞབས་འདེགས་ཞུ་བའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་གསར་གཏོད་རང་བཞིན་གྱི་དགེ་རྒན་དཔུང་ཁག་ཅིག་ཤུགས་ཆེན་པོས་བསྐྲུན་དགོས། རིག་ཚན་ཆེད་ལས་ཀྱི་བཀོད་པ་ལེགས་སྒྱུར་བྱས་ཏེ། རིག་ཚན་སྣོལ་འབྲེལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རིམ་པ་མཐོ་བའི་འཇོན་མིའི་དཔུང་ཁག་སྟོབས་ལྡན་དུ་བསྐྲུན་པ། ཐོན་སློབ་ཞིབ་གསུམ་བེད་སྤྱོད་བཅས་མཐུན་སྦྱོར་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། མཐོ་རིམ་སློབ་གྲྭའི་རིག་མཛོད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཇེ་ཆེར་བཏང་ནས། མཐོ་སྒང་གི་ཚན་རིག་ཞིབ་འཇུག་དང་། རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སོགས་ཁྱབ་ཁོངས་སུ་བྱེད་ནུས་ཧུར་ཐག་གིས་བཏོན་ཏེ། ཡུལ་ཁོངས་ཀྱི་ཁྱད་ཆོས་ལྡན་ཞིང་རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཁག་ཅིག་འབད་པས་བསྐྲུན་དགོས། རང་རྟོགས་སྒོས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་སློབ་གྲྭའི་ལས་དོན་ཁག་འཕེལ་རྒྱས་གཏོང་ཆེད་ཚན་རིག་དང་མཐུན་པའི་འཆར་འགོད་དང་མ་ལག་ལྡན་པའི་སྐུལ་འདེད་གཏོང་བ་དང་། སློབ་སྒྲུབ་ཀྱི་ཕྱོགས་བསྡུས་དངོས་ཤུགས་དང་སྲོག་ཤིང་འགྲན་རྩོད་ནུས་པ་རྒྱུན་མཐུད་ངང་ཇེ་མཐོར་བཏང་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐད་ནས་འཕེལ་རིམ་ཆེན་པོ་ལེན་དགོས།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་བོད་ཡིག་རིག་ནུས་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་དུ། ལུའོ་ཏུང་ཁྲོན་གྱིས་བོད་ཡིག་རིག་ནུས་ཀྱི་ཆ་འཕྲིན་ཐག་གཅོད་དང་བེད་སྤྱོད། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་བཅས་ཀྱི་གནས་ཚུལ་སྙན་ཞུ་ལ་ཉན་པ་དང་། ཚོད་ལྟ་ཁང་འཛུགས་སྐྲུན་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། བོད་ཡིག་རིག་ནུས་ཀྱི་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁུལ་ནི་རྒྱལ་ཡོངས་ཀྱི་བོད་ཡིག་ཆ་འཕྲིན་ཐག་གཅོད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་གཙོ་གནད་ཚོད་ལྟ་ཁང་གཅིག་པུ་ཡིན་པས། འཐབ་ཇུས་ཀྱི་གོ་གནས་གལ་ཆེ་ཞིང་འཕེལ་རྒྱས་ཀྱི་མདུན་ལྗོངས་ཧ་ཅང་རྒྱ་ཆེ། རྒྱལ་ཁབ་ཀྱི་འཇབ་ཇུས་བླང་བྱ་གལ་ཆེན་དམིགས་སུ་བཟུང་སྟེ། བོད་སྐད་ཡིག་གི་རིག་ནུས་དང་ངོས་འཛིན་རིག་ནུས། གཞི་གྲངས་བཅོས་སྐྱོང་བེད་སྤྱོད་ཞིབ་འཇུག་བཅས་ཀྱི་ཐད་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་གནད་འགག་སྲོག་ཤིང་ལག་རྩལ་འགག་སྒྲོལ་དང་ཆེད་ཁེ་བཀོད་སྒྲིག་བྱ་བ་སྤེལ་བ། གསར་གཏོད་གྲུབ་འབྲས་ཚུལ་སྒྱུར་བེད་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་ཆེད་དང་། མི་རིགས་ས་ཁུལ་གྱི་ཡུན་སྐྱོང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།

དབྱང་ཀྲི་ཝུན་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།