མཚོ་སྔོན་ཞིང་ཆེན་གྱིས2026ལོའི་དཔྱིད་དུས་ཀྱི“ཚོགས་སྒྲིག་རྣམ་པའི”ཞིང་ཆེན་ཕྱིའི་འཇོན་མི་ནང་འདྲེན་བྱེད་པའི་བྱེད་སྒོ་དངོས་སུ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་གྱི2026ལོའི་དཔྱིད་དུས་ཀྱི“ཚོགས་སྒྲིག་རྣམ་པའི”ཞིང་ཆེན་ཕྱིའི་འཇོན་མི་ནང་འདྲེན་བྱེད་པའི་བྱེད་སྒོ་པེ་ཅིང་དུ་བསྡུས། བྱེད་སྒོའི་ཉིན་དང་པོར་ཀྲུང་གོ་ཚན་རིག་གླིང་སློབ་ཆེན་གྱི་རབ་འབྱམས་པ་དང་འབུམ་རམས་པའི་ཆེད་དོན་གདན་ཞུའི་ཚོགས་འདུ་དང་། པེ་ཅིང་གསོ་རིག་ཆེད་དོན་གདན་ཞུའི་ཚོགས་འདུ་དུས་མཉམ་དུ་སྤེལ་ཏེ། མཚོ་སྔོན་དུ་གསར་གཏོད་ལས་སྐྲུན་བྱེད་པར་ཡོང་འདོད་ཆེ་བའི་ཕུལ་བྱུང་མཐར་ཕྱིན་སློབ་མ་མང་པོ་ཞིག་ཡུལ་དངོས་དེ་གར་སྦྲེལ་མཐུད་བྱ་རྒྱུའི་ཐད་ནས་ཡིད་དབང་བཀུགས།

རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀྱི་འཇོན་མི་འགུགས་པའི་བྱེད་སྒོ་དེ་ཟླ4པའི་ཚེས23ཉིན་བར་རྒྱུན་མཐུད་བྱ་རྒྱུ་རེད། དེའི་རིང་མཚོ་སྔོན་ཞིང་ཆེན་གྱིས་སྤུས་ལེགས་ཁེ་ལས་དང་མི་དོན་ལས་ཁུངས110རྩ་འཛུགས་བྱས་ནས་ལས་གནས1391འདོན་སྤྲོད་བྱས་པ་དང་། པེ་ཅིང་དང་ཧྲང་ཧའེ། ནན་ཅིང་། ཧང་ཀྲོའུ། ཞིས་ཨན་བཅས་གྲོང་ཁྱེར་ལྔ་རུ་སོང་ནས། མཚོ་སྔོན་གྱི་ཆེད་དོན་གདན་ཞུའི་ཚོགས་འདུ་ཐེངས3འཚོགས་པ་དང་། གཙོ་གནད་ས་ཁུལ་དང་མཐོ་རིམ་སློབ་ཆེན་གྱི་ཕྱོགས་བསྡུས་གདན་ཞུའི་ཚོགས་འདུ་ཐེངས11ལ་དུས་མཉམ་གཅིག་ཏུ་ཞུགས་རྒྱུ་རེད། ལས་གནས་བཀོད་སྒྲིག་དེ་བསམ་བློ་ཆབ་སྲིད་སློབ་གསོ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ལྗང་མདོག་རྩིས་ནུས། ཚྭ་མཚོའི་རྫས་འགྱུར་བཟོ་ལས། སྨན་བཅོས་འཕྲོད་བསྟེན། ཁྱད་ལྡན་ཞིང་ཕྱུགས་ལས་སོགས་མཚོ་སྔོན་གྱི་གཙོ་གནད་འཕེལ་རྒྱས་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། རྒྱ་ཆེའི་འཇོན་མིར་ལས་སྒྲུབ་ལས་སྐྲུན་གྱི་སྟེགས་བུ་ཆེན་པོ་ཞིག་བསྐྲུན་རྒྱུ་རེད།

འཇོན་མི་ནང་འདྲེན་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་ཆེད། བྱེད་སྒོ་དེ“ཡུལ་དངོས་གདན་ཞུ་དང་ཐད་གཏོང་གི་ལམ་ནས་ལས་གནས་བསྐྲུན་པའི” མཉམ་སྤེལ་བྱེད་སྟངས་སྤྱད་དེ། དྲ་ལམ་ནས་མི་བཀོལ་མཁན་གྱི་ལས་ཁུངས་དང་འཇོན་མི་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་ཐུབ་པར་བྱས་ཏེ། ལས་འཚོལ་གདན་ཞུའི་གེགས་རྒྱ་མེད་པར་བཟོས། དྲ་ལམ་ནས་ཐད་གཏོང་བྱས་པ་བརྒྱུད། མཚོ་སྔོན་གྱི་འཇོན་མི་ནང་འདྲེན་བྱེད་པའི་སྲིད་ཇུས་དང་ལས་གནས་ཀྱི་ལེགས་ཆ། འཕེལ་རྒྱས་ཀྱི་གོ་སྐབས་བཅས་ཁྱོན་ཡོངས་ནས་ངོ་སྤྲོད་བྱས་ཏེ། འཇོན་མི་སྔར་ལས་མང་བས་མཚོ་སྔོན་རྟོགས་པར་བྱེད་པ་དང་མཚོ་སྔོན་འདེམས་པ། མཚོ་སྔོན་ནས་རྐང་ཚུགས་པར་གྲོགས་དན་བྱས།

ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འཇོན་མི་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་བྱས་ནས། “ཚོགས་སྒྲིག་རྣམ་པའི”སློབ་གྲྭའི་འཇོན་མི་ནང་འདྲེན་ལས་དོན་མུ་མཐུད་ཟབ་སྤེལ་བཏང་སྟེ། ཁྱོན་བསྡོམས་ཕུལ་བྱུང་མཐར་ཕྱིན་སློབ་མ5500ལྷག་ཙམ་ནང་འདྲེན་བྱས་པའི་ནང་། འབུམ་རམས་པ1000ལྷག་ཡོད་པ་དེས་གཙོ་གནད་ཁྱབ་ཁོངས་ཀྱི་འཇོན་མིའི་སྟོང་ཆ་ནུས་ལྡན་ངང་གསབ་ནས། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས“གནས་བཞི”འཛུགས་སྐྲུན། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལང་ཚོའི་སྒུལ་ཤུགས་དང་འཇོན་མིའི་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱས་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།