ཟླ4པའི་ཚེས11ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི2026ལོའི་ཧྲིན་ཀྲང་རྟགས་མའི་སློབ་རའི་མཉམ་འབྲེལ་རྐང་གྲུག་འགྲན་སྡུར་གྱི་འགོ་རྩོམ་མཛད་སྒོ་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྩལ་སྦྱོང་ར་བ་ནས་སྤེལ་འགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགྲན་སྡུར་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ལིའུ་ཆི་ཧྥན་དང་། ལིའུ་ཐུང་ཏི། དབྱང་ཀྲི་ཝུན། ཁྲིན་ཅི་ཝེ། ཝང་ཞོན་བཅས་བྱེད་སྒོར་ཞུགས།
ཉེ་བའི་ལོ་འདི་འགར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་དང་རྐང་གྲུག་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ནུས་ཤུགས་གཅིག་སྡུས་ཀྱིས་མཐོ་སྒང་གི་ལུས་རྩལ་སྟོབས་ལྡན་གྱི་ཞིང་ཆེན་བསྐྲུན་པ། སློབ་རའི་རྐང་གྲུག་ཁྱབ་གདལ་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏིང་ཟབ་གཏོང་བ། རྨང་གཞི་བརྟན་པོར་བརྟེན་ནས་གཞི་རྒྱ་བསྐྱེད་པ་དང་ཐབས་མང་མཉམ་སྤྱོད་ཀྱིས་དགེ་རྒན་དཔུང་ཁག་སྟོབས་ཆེར་གཏོང་བ། ཁྱད་ལྡན་སློབ་གྲྭའི་ཚོང་རྟགས་བསྐྲུན་པ། རིམ་པ་བཞིའི་མཉམ་འབྲེལ་རྐང་གྲུག་འགྲན་སྡུར་གྱི་ནུས་རྩལ་མཐོར་འདེགས་ལ་སྐུལ་འདེད་གཏོང་རྒྱུ་བཅས་གཙོར་འཛིན་པའི་ཞིང་ཆེན་ཡོངས་ཀྱི་སློབ་རའི་རྐང་གྲུག་རྩ་འཛུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཕྱོགས་ཡོངས་ཀྱི་མ་ལག་ཞིག་གྲུབ་པར་བྱས་ཡོད། མིག་སྔར། ཞིང་ཆེན་ཡོངས་སུ་རྒྱལ་ཁབ་རིམ་པའི་ན་གཞོན་གྱི་སློབ་རའི་རྐང་གྲུག་ཁྱད་ལྡན་སློབ་གྲྭ224བཙུགས་ཤིང་། ཞིང་ཆེན་རིམ་པ་ནས376བཙུགས་ཏེ། ཡན་ལག་སློབ་གྲྭ་རིམ་པའི་རྐང་གྲུག་རུ་ཁག3000ལྷག་བཙུགས་ཡོད། རྐང་གྲུག་ལ་དགའ་མཁན་་ན་གཞོན་འབུམ་གཅིག་ལྷག་མཐོ་སྒང་དུ་རྐང་གྲུག་ལུས་རྩལ་གྱི་ཁྲོད་ཞུགས་ནས་དགའ་སྤྲོ་ལོངས་སྤྱོད་དང་གཟུགས་གཞི་སྟོབས་ལྡན་དུ་གཏོང་བ། གཤིས་སྤྱོད་འཐུས་ཚང་དང་བློ་རྩལ་སྦྱོང་བརྡར་བཅས་ཀྱི་འདུ་ཤེས་སེམས་སུ་སིམ་ཡོད།
ཐེངས་འདིའི་འགྲན་སྡུར་གྱིས་འགྲན་སྐོར་ལམ་ལུགས་སྤྱད་དེ་ཉིན་དགུའི་རིང་འགྲན་སྡུར་བྱེད་རྒྱུ་རེད། སློབ་ཆེན་གྱི་རིམ་པ་ཀ་པ་དང་རིམ་པ་ཁ་པ། རིམ་པ་ག་པ་བཅས་ཀྱི་སྐྱེས་པའི་མཉམ་འབྲེལ་འགྲན་སྡུར་དང་། སྐྱེས་མའི་ཚན་ཆུང་གི་འགྲན་རིམ་འགྲན་སྡུར་ཚན་ཁག་དྲུག་ཡོད། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭ12ཀྱི་སྐྱེས་པ་དང་སྐྱེས་མའི་སློབ་གྲྭ་རིམ་པའི་རྐང་གྲུག་རུ་ཁག28ཡོད་ཅིང་། བསྡོམས་པས་ལུས་རྩལ་པ614ཡིས་འགྲན་སྡུར་ལ་མིང་ཐོ་བཀོད་ཡོད་དེ། མཚོ་སྔོན་དགེ་ཐོན་སློབ་ཆེན་དང་། མཚོ་སྔོན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་། མཚོ་སྔོན་སློབ་ཆེན་བཅས་འགྲན་སྡུར་སྤེལ་ཡུལ་གྱི་མཐོ་རིམ་སློབ་གྲྭ་གསུམ་ནས་རིམ་པ་བཞིན་སྤེལ་རྒྱུ་རེད།
རང་ཞིང་ནི་ཧྲིན་ཀྲང་རྟགས་མའི་རྐང་གྲུག་འགྲན་སྡུར་སྤེལ་མཁན་ཐོག་མ་ཡིན་པའི་ཆ་ནས། ཐེངས་འདིའི་འགྲན་ཞུགས་རུ་ཁག་གི་གཞི་རྒྱ་དང་། འགྲན་སྡུར་རྩ་འཛུགས་ཀྱི་སྒྲིག་གཞིས་རང་ཞིང་གི་སློབ་རའི་རྐང་གྲུག་འགྲན་སྡུར་བྱ་འགུལ་གྱི་ཆེས་ཁྱད་འཕགས་ཀྱི་གོ་གནས་གསར་དུ་བསྐྲུན་པ་དང་། རང་ཞིང་གི་སློབ་ཆེན་སློབ་མའི་རྐང་གྲུག་གི་རྩལ་ནུས་ཆེས་མཐོན་པོ་དེ་མཚོན་ཡོད། ཐེངས་འདིའི་འགྲན་སྡུར་གྱིས་རྒྱལ་ཡོངས་ན་གཞོན་གྱི་སློབ་རའི་མཉམ་འབྲེལ་རྐང་གྲུག་འགྲན་སྡུར་གྱི་སློབ་ཆེན་ཚན་ཁག་གི་འགྲན་རྩོད་མ་ལག་དང་ཡོངས་སུ་སྦྲེལ་མཐུད་བྱས་ཤིང་། ཚན་སྐོར་སོ་སོའི་ཨང་དང་པོ་ཐོབ་པའི་རུ་ཁག་གིས་རང་ཞིང་གི་ཚབ་བྱས་ནས་རྒྱལ་ཡོངས་ཀྱི་འགྲན་རྩོད་ལ་ཞུགས་རྒྱུ་ཡིན་པས། རྒྱལ་ཡོངས་ཀྱི་འགྲན་རའི་ཁྲོད་དུ་རང་ཞིང་གི་མཐོ་རིམ་སློབ་གྲྭའི་རྐང་གྲུག་འཕེལ་རྒྱས་ཀྱི་ཆུ་ཚད་མངོན་དགོས།
མགོ་རྩོམ་མཛད་སྒོའི་སྟེང་། མཚོ་སྔོན་སློབ་ཆེན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་། མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་། ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་བཅས་མཐོ་རིམ་སློབ་ཆེན་ལྔ་ཡི་སློབ་མས་མིག་དབང་འཕྲོག་པའི་ལེ་ཚན་འཁྲབ་སྟོན་བྱས། རིམ་པ་ཀ་པའི་འགྲན་རིམ་ལས་མཉམ་འབྲེལ་འགྲན་སྐོར་གྱི་སྐྱེས་པའི་རུ་ཁག་གི་ཐོག་མའི་འགྲན་སྡུར་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་བར་དུ་སྤེལ་ཞིང་། མཇུག་མཐར་གསུམ་སྡུར་གཉིས་ཀྱི་སྐར་གྲངས་ཀྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་མཚོ་སྔོན་མི་རིགས་སློབ་ཆེན་ལས་རྣམ་པར་རྒྱལ།