ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས10ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། འཕྲིན་ལན་གལ་ཆེན།  ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།   ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་བྱས་ཏེ། སློབ་གསོ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ།“གནད་གཉིས”འཛུགས་སྐྲུན་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་དངོས་གནས་གཅིག་གྱུར་བྱས་ཏེ། དགོས་མཁོའི་སྣེ་ཁྲིད་དང་བཅོས་སྒྱུར་འགག་སྒྲོལ། ཚན་རྩལ་ནུས་བསྐྱེད། སྒོ་འབྱེད་མཉམ་ལས་བཅས་འབུར་དུ་ཐོན་པར་བྱས་ནས། ཞབས་ཞུའི་ལས་རིགས་དང་གཙོ་གནད་ཐོན་ལས་ཀྱི་ཕྲེང་རྒྱས་དང་ཕྲེང་གསབ་ཕྲེང་སྲིང་དང་། ཐོན་ལས་སྐྱེ་ཁམས་སྐྱེད་སྲིང་སོགས་བྱ་བའི་སྦྲེལ་མཐུད་འཚམ་པོར་སྐུལ་འདེད་བཏང་སྟེ། དངོས་སྒྲུབ་བྱེད་ཐབས་ལ་བརྟེན་ནས་ཞབས་ཞུའི་ལས་རིགས་ཀྱི་ནུས་པ་ཆེ་རུ་བཏང་ནས་སྤུས་འདེགས་ནུས་སྐྱེད་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་འགོ་རྩོམ་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་། འགྲིམ་འགྲུལ་སློབ་ཆེན་བཞིའི་དགེ་སློབ་ཡོངས་ལ་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གཉིས་བཀུར་མཉམ་འཛུགས་དང་རྒྱལ་སྲུང་སྐུལ་སློང་། དམག་ཁོངས་ལས་བུད་པའི་དམག་མིའི་ཞབས་ཞུ་འགན་སྲུང་སོགས་ཀྱི་བྱ་བ་ཏན་ཏིག་ངང་ཡག་པོར་བསྒྲུབས་ནས། མུ་མཐུད་དུ་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། སློབ་གསོ་སྔོན་ལ་འཇོག་པ་དང་ཤེས་ལྡན་མི་སྣས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ཏེ་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་སྔར་ལས་མང་པོ་གསོ་སྐྱོང་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་ཉེ་དུས་ཀྲུང་དབྱང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་སྐོར་གྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི“སྐོར་གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ། བསམ་བློའི་ངོས་འཛིན་མཐོར་འདེགས་དང་འབུར་ཐོན་གནད་དོན་ལེགས་བཅོས། ལམ་ལུགས་དང་སྒྲིག་ལམ་ཡག་པོ་འཛུགས་པ་བཅས་ཀྱི་ཐད་ནུས་ཤུགས་གཅིག་སྒྲིལ་བྱས་ནས་སློབ་སྦྱོང་སློབ་གསོའི་ཐད་ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།  

གྲོས་ཚོགས་ལས་གསར་དུ་བཟོ་བཅོས་བྱས་པའི《རྒྱལ་དབང་ཁེ་ལས་ཀྱི་འགོ་ཁྲིད་མི་སྣའི་སྤྱོད་གཙང་ལས་གཉེར་གཏན་འབེབས》ལ་སློབ་སྦྱོང་དང་གོ་བ་ནན་མོ་ལེན་པ་དང་།     སྔར་ལས་ལྷག་པའི་སྒོ་ནས་རྒྱལ་དབང་ཁེ་ལས་ཀྱི་འགོ་ཁྲིད་མི་སྣའི་འགན་འཁྲི་ལག་བསྟར་དང་དབང་ཆ་ཚད་ལྡན་དུ་བཏང་སྟེ། སྒྲིག་ཁྲིམས་ནན་མོར་བརྟེན་ནས་རྒྱལ་དབང་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་དགོས།     གཙོ་གནད་མངའ་ཁོངས་ཀྱི་དངུལ་རྩར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།   ཧུར་ཐག་གིས་ཤེས་ལྡན་མི་སྣའི་བྱ་བའི་སྤུས་འབྲས་ལེགས་གཏོང་ལ་སྐུལ་འདེད་བཏང་སྟེ། བྱ་བ་སྣ་ཚོགས་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་དངོས་གནས་མཐོ་རུ་གཏོང་དགོས་པ་ནན་གྱིས་བསྟན།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ཇེ་དམ་དུ་གཏོང་བ།     མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པ་ཁྲིད་སྟོན་དུ་བྱེད་པ། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱ་བར་ཤུགས་སྣོན་པ།  སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་བྱ་བ་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ། ཁྱོན་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་གྱི་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་ཆེ་རུ་གཏོང་བ་བཅས་བྱས་ནས། ཚད་གཞི་སྔར་ལས་མཐོ་བའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་དགོས།

གྲོས་ཚོགས་ལས“གནད་གཉིས”འཛུགས་སྐྲུན་དེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཁྱོན་ཡོངས་ཀྱི་ཁྲོད་བཞག་ནས་ཇུས་འགོད་དང་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་དངུལ་གཏོང་བརྟན་པོ་དང་ནང་མཁོ་རྒྱ་སྐྱེད། འཕར་སྣོན་ལ་སྐུལ་འདེད་གཏོང་དགོས། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ནས། རང་ཞིང་གི་བཟོ་སྐྲུན་ལས་རིགས་དེ་རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།  དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་དམ་འཛིན་ནན་མོ་བྱས་ནས་ལོ་ཧྲིལ་པོའི་འབྲུ་རིགས་ལོ་ལེགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། གཞི་རིམ་གྱི་མེ་ཟོན་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་དངོས་གནས་བརྟན་པོ་འཛུགས་དགོས།  བྱེད་སྒོའི་རྩ་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲ་སྒྲིག་འགན་སྲུང་ཡག་པོ་བྱས་ཏེ། ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་འཚོང་ཚོང་གཏམ་གྲོས་ཚོགས་སྐབས27པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་པོར་སྒྲུབ་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས《འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་སྒོས་བསྐྲུན་པའི2026ལོའི་བྱ་བའི་གཙོ་གནད》དང《མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དངུལ་གཏོང་ཐེབས་རྩའི་དོ་དམ་བྱ་ཐབས》ལ་གྲོས་ཞིབ་བྱས་ནས་རྩ་དོན་སྟེང་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།