ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་དང་ནགས་དཔོན་དང་རྩྭ་དཔོན། ཆུ་དཔོན། མཚོ་དཔོན་བཅས་ཀྱི་ལམ་ལུགས་བྱ་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4བའི་ཚེས9ཉིན། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་དང་ནགས་དཔོན་དང་རྩྭ་དཔོན། ཆུ་དཔོན། མཚོ་དཔོན་བཅས་ཀྱི་ལམ་ལུགས་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་ཏེ། གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་དང་ནགས་དཔོན་དང་རྩྭ་དཔོན། ཆུ་དཔོན། མཚོ་དཔོན་བཅས་ཀྱི་ལམ་ལུགས་བྱ་བའི་གྲུབ་འབྲས་ལ་སྤྱི་སྡོམ། མིག་སྔར་དང་མ་འོངས་པའི་དུས་སྐབས་ཀྱི་ལས་འགན་གཙོ་བོར་བཀོད་སྒྲིག ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་བྱ་བ་སྔར་བས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པ་དང་ཐོལ་བརྒལ་གསར་བ་ལེན་པར་སྐུལ་འདེད་བཅས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས། ལིའུ་ཆི་ཧྥན་གྲོས་ཚོགས་སུ་ཞུགས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”དུས་སྐབས་སུ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་ལས་འགན་གཙོ་བོར་དམ་པོར་དམིགས་ཏེ། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་མཐུན་སྦྱོར་ངང་སྟོབས་ཤུགས་བཏོན་ནས།  རྩྭ་དཔོན་དང་། ཆུ་དཔོན། མཚོ་དཔོན་ཚང་མས་རང་འགན་གཙང་སྒྲུབ་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་དམ་པ་དོན་གཉེར་གྱིས“ཀྲུང་ཧྭའི་ཆུ་མཛོད”རྒྱུན་མཐུད་ངང་སྲ་བརྟན་གཏོང་བ། ནུས་ཤུགས་ཡོད་རྒུས་གཙང་བོའི་འབབ་བརྒྱུད་ལ་སྲུང་སྐྱོང་བཅས་བྱས་ཏེ། བྱ་བ་སོ་སོར་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་ལེན་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་སྐབས་སུ་མཚོ་སྔོན་གྱིས་རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་ལ། ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁོངས་ལྗང་བསྒྱུར་གྱི་སྤུས་འདེགས་ནུས་མཐོ་དང་། ནགས་རྩྭའི་སྲུང་སྐྱོང་། མཚོ་དང་མཚེའི་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་དུས་རིམ་གལ་ཆེན་ཞིག་ཡིན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་བསྐྲུན་པའི་མཐོ་ས་ནས་འགྲེང་སྟེ། “རྒྱལ་དོན་གྱི་ཆེ་ཕྱོགས”དང“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་ཡིད་ལ་དམ་པོར་འཛིན་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱེད་པ། ཏན་ཏིག་གིས་དུས་རབས་གསར་བའི་སྐྱེ་ཁམས་ཁྱབ་ཁོངས་ཀྱི་བྱ་བ་གཙོ་བོ་ཁག་ལ་སྐུལ་འདེད་གཏོང་བ། ལག་ལེན་དང་ལོ་རྒྱུས། མི་དམངས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་བསྐྲུན་དགོས། མ་ལག་འདུ་ཤེས་རྒྱུན་འཁྱོངས་དང་། བར་སྟོང་བཀོད་སྒྲིག་ལེགས་བསྒྱུར། ལས་གཞི་གཙོ་བོའི་འགག་སྒྲོལ་ལ་གཞི་འཛུགས་པ། ཚན་རྩལ་ནུས་སྐྱེད་སྟོབས་ལྡན་དུ་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་གྱི་དངོས་ཡོད་དང་མཐུན་པའི་ཚན་རིག་གི་ལྗང་བསྒྱུར་ལམ་བུར་བསྐྱོད་དགོས། ཕྱོགས་ཡོངས་ནས་ནགས་དཔོན་དང་མཚོ་དཔོན་གྱི་ལམ་ལུགས་སྟོབས་ལྡན་གཏོང་བ་དང་། གོ་རིམ་ཧྲིལ་བོའི་གདུབ་ཟུམ་དོན་འཁྱོལ་གྱི་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ། འབུར་ཐོན་གྱི་གནད་དོན་དམ་འཛིན་བྱས་ཏེ་བཅོས་སྐྱོང་བྱེད་པ། “རི་གཉིས”ཚུལ་བསྒྱུར་གྱི་བྱེད་ཐབས་ལེགས་པོར་སྒྲུབ་པ། “ལམ་ལུགས་ཀྱི་ལེགས་ཆ”“བཅོས་སྐྱོང་ནུས་ཕྱོད”ཀྱི་ཕྱོགས་སུ་ཚུལ་བསྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་ནས་མཚོ་དཔོན་ལམ་ལུགས་སྲ་བརྟན་དུ་གཏོང་བ་དང་། ཆུའི་ཐོན་ཁུངས་ཀྱི་བཙན་ཐབས་འཆུན་འདོམས་དོན་འཁྱོལ་བྱེད་པ། ཁྱོན་ཡོངས་ནས་མཚོ་དང་མཚེའི་དོ་དམ་སྲུང་སྐྱོབ་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། བདེ་སྐྱིད་ཀྱི་མཚོ་དང་མཚེའི་འཛུགས་སྐྲུན་གྱི་དཔེ་མཚོན་ཚད་ཤིང་བསྐྲུན་པ། “ ལྷུང་ལྷུང་གཙང་བོ་ཤར་དུ་རྒྱུག”པར་ཁག་ཐེག་བཅས་བྱེད་དགོས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་པ་དང་། ཐུན་མོང་ཐོག་དམ་འཛིན་དང་མཉམ་དུ་དོ་དམ་བྱེད་པའི་བྱ་བའི་རྣམ་པ་བསྐྲུན་པ། མཛེས་པའི་མཚོ་སྔོན་གྱི་སྟོབས་ལྡན་འགྲིལ་ཤུགས་གཅིག་བསྡུས་བྱེད་པ། སྤྱོད་ལམ་ལེགས་པོ་དང་བྱེད་ཐབས་ནུས་ལྡན། ཚད་གཞི་མཐོན་པོ་བཅས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་དགོས།

ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱེད་སྐབས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བར་གནང་བའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ་སྲ་བརྟན་དུ་གཏོང་བ། ཚན་རིག་དང་མཐུན་པའི་སྲུང་སྐྱོང་དང་ཁྱོན་ཡོངས་བཅོས་སྐྱོང་དང་འོས་འཚམ་གྱི་བེད་སྤྱོད་བྱེད་པའི་ལས་འགན་གཙོ་བོ་གསུམ་ལ་དམ་པོར་དམིགས་པ། སྤུས་ཚད་མཐོ་བའི་སྒོ་ནས་རྣམ་པ་གསར་བའི་རྒྱལ་ཁོངས་ལྗང་བསྒྱུར་ལ་སྐུལ་འདེད་གཏོང་བ། བློ་ཐག་རྦད་ཆོད་ཀྱིས“བྱང་གསུམ”བཟོ་སྐྲུན་གྱི་འགག་སྒྲོལ་དམག་ཐབས་ལེགས་པོར་རྒྱག་པ། སྔར་ལས་ལྷག་པའི་སྒོ་ནས་ནགས་དཔོན་དང་མཚོ་དཔོན་གྱི་འགན་སྒྲུབ་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ། ཏན་ཏིག་གིས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་ལ་སློབ་སྦྱོང་དང་ལག་ལེན་བྱེད་པ། ནགས་རྩྭ་དང་ཆུའི་བཅོས་སྐྱོང་གི་གྲུབ་འབྲས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པར་གཞོགས་འདེགས་བྱེད་པ་བཅས་བྱས་ཏེ། མགྱོགས་མྱུར་ངང་སྔོ་ལྗང་གི་རི་བོ་རྟག་བརྟན་ཡོང་བ་དང་། དྭངས་བསིལ་གྱི་ཆུ་བོའི་བཞུར་རྒྱུན་རིང་བ། མཁའ་དབུགས་དྭངས་གཙང་ཡིན་པའི་མཛེས་པའི་མཚོ་སྔོན་སྐྲུན་དགོས།

གྲོས་ཚོགས་སྟེང་། ཚེ་རིང་ཐར་དང་ལིའུ་ཐའོ་ཡིས2025ལོའི་འབྲེལ་ཡོད་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་།  ཡིག་ཐོག་ནས2026ལོའི་བྱ་བའི་ལས་འགན་ཁྱབ་བསྒྲགས་བྱས། རྨ་ལྷོ་ཁུལ་དང་མཚོ་ལྷོ་ཁུལ། མཚོ་བྱང་ཁུལ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།

གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་སྤེལ་བ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་དང་གྲོང་ཁྱེར་དང་ཁུལ་སོ་སོར་ཡན་ལག་ཚོགས་ར་བཙུགས། ཀྲང་ཅན་ཀང་དང་ཝུའུ་ལ་ཙི་པིའེ་ཁོ་རེ་སུའུ་ལི་ཧན། ཀྲུའུ་ཞང་ཧྥུན་སོགས་ཚོགས་ར་གཙོ་བོའམ་ཡན་ལག་ཚོགས་རར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།