ཟླ4ཚེས8ཉིན། མཚོ་སྔོན་ཞིང་ཆེན་རྐང་གྲུག་མཐུན་ཚོགས་ལ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ལུས་རྩལ་ན་གཞོན་ལེ་ཚན་ལྟེ་གནས་ཀྱིས་བསྐུར་བའི་བཀའ་དྲིན་ཞུ་འཕྲིན་འབྱོར། འཕྲིན་གྱི་ནང་དུ་མཚོ་སྔོན་ཡུལ་ཤུལ་རུ་ཁག་གིས2026ལོའིCMGམང་ཚོགས་ཀྱི་རྐང་གྲུག་གདན་ཞུ་འགྲན་སྡུར(ཧྲན་ཏུང་ཐའེ་ཨན་འགྲན་ཚིགས)སྟེང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། མཐོ་སྒང་རྐང་གྲུག་གི་ཐུན་མིན་ཁྱད་ཆོས་དང་མི་གཤིས་གཙང་མ་ཀྲུང་གོ་ཡོངས་ལ་ངོམ་པའི་སྙིང་སྟོབས་ལ་བསྔགས་པར་བརྗོད་འོས་ཞེས་བཀོད།
2026ལོརCMGམང་ཚོགས་རྐང་གྲུག་གདན་ཞུ་འགྲན་སྡུར(ཧྲན་ཏུང་ཐའེ་ཨན་འགྲན་ཚིགས)ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཧུའུ་ནན་ཡུང་ཀྲོའུ་ཡི་གདན་ཞུ་འགྲན་སྡུར་ཐོག་མ་བདེ་བླག་ངང་སྤེལ་བའི་རྨང་གཞིའི་སྟེང་། མང་ཚོགས་ཀྱི་ལས་རྩལ་འགྲན་སྡུར་གྱི་དམངས་ཁྲོད་དུ་མུ་རྒྱུན་བསྐྱངས་ཏེ་ལུས་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། འཕྲིན་སྦྱོར་སྟེགས་བུ་རྩེ་གྲ་དང་ས་གནས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་བར་གྱི་མཉམ་ལས་གཏིང་ཟབ་བརྒྱུད་དེ། འགྲན་སྡུར་རང་བཞིན་དང་། རྩེད་འཇོ་རང་བཞིན། རིག་གནས་རང་བཞིན་ཅན་གྱི་རྐང་གྲུག་གི་སྤྲོ་ཚོགས་ཆེན་མོ་བཏོད་ནས“གྲོང་ཁྱེར་གྱི་གདན་ཞུའི་འགྲན་སྡུར”ཡར་ངོས་ཟླ་བཞིན་འཕེལ་བ་ལ་གསོན་ཤུགས་གསར་པ་བསྣན།
འགྲན་སྡུར་སྟེང་དུ་མང་ཚོགས་ཀྱི་རྨང་མཐུག་པའི་རྐང་གྲུག་རུ་ཁག6སྟེ། “齐鲁超”འགྲན་སྡུར་གྱི་ཨང་དང་པོ་ཧྲན་ཏུང་ཐའེ་ཨན་རུ་ཁག་དང་། “青超”འགྲན་སྡུར་གྱི་ཨང་དང་པོ་མཚོ་སྔོན་གཡང་ནོར་རུ་ཁག “湘超”ཡི་ཨང་དང་པོ་ཧུའུ་ནན་ཡུང་ཀྲོའུ་རུ་ཁག “蒙超”ཡི་ཨང་དང་པོ་ནང་སོག་ཧུའུ་ཧི་ཧའོ་ཐེ་རུ་ཁག “赣超”ཡི་ཨང་དང་པོ་ཅང་ཞི་ཀན་ཀྲོའུ་རུ་ཁག་དང་“东北超”འགྲན་སྡུར་ལ་ཞུགས་མཁན་ཧའེ་ལུང་ཅང་ཧའར་པིན་རུ་ཁག་བཅས་གཅིག་ཏུ་འཛོམས་ཏེ། དུས་ཡུན་ཉིན་བདུན་རིང་ལ་རྒྱལ་ཕམ་ཀྱི་འགྲན་སྡུར་ཐེངས9སྤེལ།
འཕྲིན་དུ་མཚོ་སྔོན་གྱི་ཡུལ་ཤུལ་རུ་ཁག་མཚོ་འཕགས་སྨི3000ཡན་གྱི་མཐོ་སྒང་ནས་དམའ་མོ་གཞོང་དུ་བབས་ཏེ། ལམ་ཐག་རིང་བོ་གང་མང་བརྒྱུད་དེ་རི་བོ་ཐའེ་ཧྲན་གྱི་འདབས་སུ་བསླེབས་ལ། ཛ་དྲག་གི་འགྲན་སྡུར་ལས་ཨང་ལྔ་པ་བླངས་བ་དང་སྦྲགས་ཡི་རང་གི་ཐལ་མོ་གྲངས་མེད་ཀྱི་བརྡེབས། འགྲན་སྡུར་མགོ་རྩོམ་པའི་སྔུན་ཏག་ཏག་ལ་ཁོང་ཚོས་ལུགས་སྲོལ་ལྟར་ཕྱེ་མ་མཁའ་ལ་གཏོར་ནས་འགྲན་སྡུར་ཕྱོགས་གཉིས་ལ་བཀྲ་ཤིས་ཁ་གཡང་བོས། འགྲན་སྡུར་མཇུག་སྒྲིལ་རྗེས། ཡུལ་ཤུལ་གྱི་གཟིགས་མོ་བས་ཁ་ཁུ་སིམ་མེར་གཟིགས་སྟེགས་ལ་གད་བདར་བྱས་པ་བཅས་མཐོ་སྒང་གི་གུས་བརྩི་ཆེ་ཞིང་མི་གཤིས་གཙང་མ་མངོན་པ་དང་། དེ་མིན་ཤུགས་རྒྱོབས་ཅེས་པའི་འབོད་སྐད་དང་བོད་ཀྱི་གཞས་སྙན་ཡང་ཡང་བཏང་བ་སོགས་ཀྱིས་ཚོགས་ར་ཡོངས་ལ་བག་ཆགས་ཟབ་མོ་བཞག འགྲན་སྡུར་གྱི་ཞོར་ཏུ། ཡུལ་ཤུལ་གྱི་གཟིགས་མོ་བས་མི་རིགས་ཀྱི་གཟབ་འཆོར་སྤྲས་ཏེ་རི་བོ་ཐའེ་ཧྲན་གྱི་རྩེ་རུ་འཛེག་སྟེ་གླུ་དང་གར་གྱི་གསོལ་སྟོན་བཤམས་ནས་མཐོ་སྒང་གི་དག་གཙང་དང་ཤར་རིའི་འགྱིང་ཉམས་གྱི་གཟི་དཔལ་དུས་གཅིག་ཏུ་འབར་བ་ལགས་ན། འདིར་ཆེད་དུ་བླ་ན་མེད་པའི་གུས་ཞུ་དང་བཅས་ཁྱེད་ཅག་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན་ཞེས་བཀོད་ཡོད་དོ། །
མང་ཚོགས་ལུས་རྩལ་ནི་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་རྨང་རྡོ་གལ་ཆེན་ཡིན། ཐེངས་འདིའི་འགྲན་སྡུར་ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འཕྲིན་སྟེགས་ཡོངས་ནས་ཐད་གཏོད་བྱས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ལུས་རྩལ་ན་གཞོན་ལེ་ཚན་ལྟེ་གནས་ཀྱིས་འདི་ལྟར། འབྱུང་འགྱུར་མཚོ་སྔོན་ཞིང་ཆེན་གྱི་རྐང་གྲུག་མཐུན་ཚོགས་བར་མུ་མཐུད་དུ་ལག་གདང་སྦྲེལ་ནས་མང་ཚོགས་ཀྱི་འགྲན་སྡུར་སྤུས་རྟགས་མཉམ་བསྐྲུན་དང་རྐང་གྲུག་རིག་གནས་དར་སྤེལ། “ལུས་རྩལ+”མཉམ་འདྲེས་ཀྱི་གསར་གཏོད་ལ་སོགས་པའི་ཕྱོགས་ནས་ཡང་བསྐྱར་ལེའུ་གསར་པ་བརྩམ་པ་བཅས་ཀྱི་ལམ་ནས་ ཀྲུང་གོའི་མང་ཚོགས་ཀྱི་ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བའི་རྒྱུགས་གཞི་གསར་པ་མཉམ་དུ་འབྲི་བར་རེ་བ་ཡོད་ཅེས་བཀོད་ཡོད་དོ། །