ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་དུ་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ4པའི་ཚེས8ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་ཤར་གྲོང་ཁྱེར་མིན་ཧི་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་རྟོག་ཞིབ་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི“བྱང་གསུམ”ལས་གྲྭའི་འཛུགས་སྐྲུན་སྐུལ་འདེད་གྲོས་ཚོགས་ལ་ཞུགས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ“རྒྱལ་དོན་ཆེ་ཕྱོགས”ཀྱི་མཐོ་ས་ནས“བྱང་གསུམ”ལས་གྲྭའི་འཛུགས་སྐྲུན་ཟབ་སྤེལ་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་དགོས། རྒྱལ་ཕན་དམངས་ཕན་དང་བསྐལ་བརྒྱར་ཕན་པའི་ལས་ཀ་འདི་ཉིད་དམ་འཛིན་བྱེད་པ་དང་འགན་འཁྲི་ཕྲག་ཏུ་ཁུར་ནས། “བྱང་གསུམ”ལས་གྲྭའི་འགག་སྒྲོལ་བྱ་བར་རྒྱལ་ཁ་ལེན་པ་དང་། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་དུ་བཏང་སྟེ། མཚོ་སྔོན་གྱིས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་པ་ནན་གྱིས་བསྟན།

རྟོག་ཞིབ་བྱ་འགུལ་ཁྲོད། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་སྣེ་ཁྲིད་དེ་སོ་སོར་མིན་ཧི་རྫོང་ཆན་ཧི་ཞང་ཆན་ཧི་སྡེ་བ་དང་པཱ་ཀྲོའུ་གྲོང་རྡལ་ཧོང་ཁྲུ་སྡེ་བ།  ཁྲོན་ཁུག་གྲོང་རྡལ་ནན་ཧྲན་སྡེ་བ་བཅས་ལ་སོང་སྟེ།  ཡུལ་དངོས་ནས་སྐྱེ་ཁམས་སླར་གསོ་དང་ས་ཆུ་སྲུང་འཛིན་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་། རང་བྱུང་ནགས་རའི་སྲུང་སྐྱོབ་སོགས་ཀྱི་ལས་གཞི་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོ་གཉིས་ཀྱིས་ནན་ཏན་སྒོས་རྒྱལ་ཁབ་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་འདེབས་འཛུགས་ཀྱི་རིགས་སྣ་འདེམ་པ། དངོས་ཐོག་བདེན་འཚོལ་གྱིས་ཡང་དག་པའི་བཅོས་སྐྱོང་གཏན་ཁེལ་བྱེད་པ། འཁོར་ཡུན་ཅན་གྱི་དོ་དམ་སྲུང་སྐྱོབ་འགན་འཁྲི་ནན་དཀྲི་བྱེད་པ་བཅས་བྱས་ཏེ། ལྗང་མདོག་ཅན་དང་གསོན་ཤུགས་ཅན་གྱི་ཁོར་ཡུག་སྐྲུན་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།

དེའི་རྗེས་སུ་འཚོགས་པའི་ཞིང་ཆེན་ཡོངས་ཀྱི“བྱང་གསུམ”ལས་གྲྭའི་འཛུགས་སྐྲུན་སྐུལ་འདེད་གྲོས་ཚོགས་སྟེང་། ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་། ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས། རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་ཀྲང་ཝེ་ཡིས་གཏམ་བཤད་པ་དང་། རྒྱལ་ཁབ་ནགས་རྩྭ་ཅུས་བྱེ་འགྱུར་འགོག་སྲུང་ཁང་གི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།  ལིའུ་མེ་ཕིན་དང་ཝུའུ་ལཱ་ཙི་པིའེ་ཁོ་རེ་སུའུ་ལི་ཧན། ལིའུ་ཐའོ་བཅས་ཀྱིས་གཏམ་བཤད། ཞིང་ཆེན་ནགས་རྩྭ་ཅུས་དང་ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ་སོགས་ཀྱི་འབྲེལ་ཡོད་ས་ཁུལ་གྱིས་བྱ་བའི་གནས་ཚུལ་སྙན་ཞུ་བྱས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མཚོ་སྔོན་ནི“བྱང་གསུམ”ལས་གྲྭ་འཛུགས་སྐྲུན་བྱེད་ཡུལ་གཙོ་བོ་ཡིན་ལ། ཀྲུང་གོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་ལས་འགན་གལ་ཆེན་ཕྲག་ཏུ་ཁུར་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བྱང་གསུམ”ལས་གྲྭ་འཛུགས་སྐྲུན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་ལེན་མཐར་ཕྱིན་བྱས་ཏེ། ཏང་ཀྲུང་དབྱང་གི་ཐག་གཅོད་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ་དང་། དུས་ཚོད་སྐར་ཆ་རེ་རེ་དམ་འཛིན་བྱེད་པ་དང་ངར་ཤུགས་རྒྱུན་འཁྱོངས་བྱས་ཏེ། “བྱང་གསུམ”ལས་གྲྭ་དང་བྱེ་འགྱུར་ཕྱོགས་བསྡུས་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ཏེ། ཆོས་ཉིད་ལ་བརྩི་འཇོག་དང་ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་བརྟེན་ནས། རི་ཆུ་ནགས་ཞིང་དང་། མཚོ་དང་མཚེའུ། རྩྭ་ཐང་དང་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་རང་བཞིན་གྱི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་སྒོ་ནས“བྱང་གསུམ”ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་དང་། ལས་གཞིའི་གོ་རིམ་ཧྲིལ་བོའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་གཞིའི་གཏན་ཁེལ་དང་ཇུས་འགོད། སུས་འཇོན་དེ་འགུག ཨར་ལས། རྩིས་སྤྲོད། སྲུང་སྐྱོབ་བཅས་ཀྱི་འགག་སྒོ་དམ་པོར་སྲུང་སྟེ། གནད་དོན་གྱི་ཁྲིད་ཕྱོགས་རྒྱན་འཁྱོངས་དང་། ལེགས་བཅོས་འགན་འཁྲི་ནན་དཀྲི་བྱེད་པ། རིམ་པ་བཞིན་གནོན་ཤུགས་སྤྲོད་པ། ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ནས། ལོ་རྒྱུས་དང་མི་དམངས་ཀྱི་ཉམས་སད་ཐེག་ཐུབ་པའི་སྐྱེ་ཁམས་ལས་གྲྭ་ཞིག་ཏུ་བསྐྲུན་ཏེ། ཞིང་ཆེན་ཡོངས་ཀྱི་ནགས་རྩྭའི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ལུའོ་ཏུང་ཁྲོན་གྱིས་བསྟན་དོན། “བྱང་གསུམ”ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་ནི། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་འབྲེལ་བ་ཡོད་ལ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་འབྲེལ་བ་ཡོད། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་ཏང་དང་མི་དམངས་ལ་ཚད་མཐོའི་འགན་ཁུར་བའི་རྣམ་འགྱུར་གྱིས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་ཀྱི་རང་རྟོགས་ཆེ་རུ་བསྐྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ལས་གྲྭའི་སྤུས་ཚད་དེ་སྲོག་རྩ་རུ་འཛིན་པ། སྤུས་ཚད་ཀྱི་དོ་དམ་ཆེར་བསྐྱེད་པ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། ཚན་རྩལ་འདེགས་སྐྱོར་སྲ་བརྟན་དུ་གཏོང་བ། སྔར་བས་སྤུས་འདེགས་དང་ལས་དར། དམངས་ཕན་བཅས་ལ་དོ་ཁུར་བྱེད་པ་དང་། འཛུགས་སྐྲུན་དང་དོ་དམ་གཉིས་ཀ་འཛིན་པ་དང་སྐྱེ་ཁམས་དང་ཐོན་ལས་ལ་མཉམ་དུ་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་མཉམ་གནས་བྱེད་པ་བཅས་བྱས་ཏེ། མཛེས་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ལྗང་མདོག་གི་རྨང་གཞི་དང་། སྐྱེ་ཁམས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

ཀྲང་ཝེ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བྱང་གསུམ”ལས་གྲྭའི་འཛུགས་སྐྲུན་ཐད་གནང་བའི་འཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཚན་རིག་དང་སྐྱེ་ཁམས། གྲོན་ཆུང་བཅས་ཀྱི་ལྗང་མདོག་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། འཆར་འགོད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་དང་། ཡུལ་བབ་དང་བསྟུན་པ་རྒྱུན་འཁྱོངས་བྱེད་པ། ཆུའི་ཐོན་ཁུངས་ཀྱི་ཐེག་ཤུགས་ལ་བསམ་གཞིགས་བཅས་བྱས་ཏེ། སྡོང་འཛུགས་བྱེད་པ་དང་ཆུ་སྦུག་འདྲེན་པ། རྩྭ་འདེབས་པ་སོགས་གང་འཚམ་གྱིས་ལག་བསྟར་བྱེད་དགོས། ལས་གྲྭའི་ལས་གཞི་གཏན་ཁེལ་དང་འཛུགས་སྐྲུན། རྩིས་སྤྲོད། སྲུང་སྐྱོབ་དོ་དམ་བཅས་ཀྱི་གོ་རིམ་ཧྲིལ་བོའི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནན་ཏན་སྒོས་ལས་གཞིའི་མ་དངུལ་གྱི་བཀོལ་སྤྱོད་དང་། སུ་འཇོན་དེ་འགུག་བྱེད་པའི་ལས་རིམ་ཚད་ལྡན་དུ་བཏང་སྟེ། “དྭངས་གཙང་ལས་གྲྭ”འཛུགས་སྐྲུན་བྱེད་དགོས། གྲུབ་འབྲས་སྲུང་སྐྱོབ་དོ་དམ་ལ་ཤུགས་སྣོན་པ་དང་། ཡུན་ཕན་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྒྱལ་དབང་ནགས་རའི་དོ་དམ་འགན་ལེན་ཁྱབ་གདལ་དུ་གཏོང་བ་དང་། ཐུན་མོང་ནགས་ར་དང་ཆེད་ལས་མཉམ་ལས་ཁང་གི་ཚབ་བྱེད་དོ་དམ་སོགས་ཀྱི་རྣམ་པ་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།