ཟླ4པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ཅུས་དང་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ནད་རིགས་སྔོན་འགོག་ཚོད་འཛིན་སའོ་ཡིས་གཙོ་སྒྲུབ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། མཚོ་ནུབ་ཁུལ་ནད་རིགས་སྔོན་འགོག་ཚོད་འཛིན་ཅུས། མཚོ་ནུབ་ཁུལ་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་བྱས་པའི2026ལོའི་མཚོ་སྔོན་ཞིང་ཆེན་གྱི་བྱི་ནད་སྔོན་འགོག་ཚོད་འཛིན་དྲིལ་སྒྲོག་ཟླ་བའི་བྱ་འགུལ་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་སྤེལ།
ཐེངས་འདིའི་བྱ་འགུལ་གྱིས་ཁྲིམས་ལྟར་ཚན་རིག་དང་མཐུན་པའི་བྱི་ནད་སྔོན་འགོག་ཚོད་འཛིན་བྱས་ཏེ་ལག་རྡང་སྦྲེལ་ནས་བདེ་ཐང་གི་འཛིང་རགས་བརྟན་པོ་བསྐྲུན་ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས། རིག་རྩལ་འཁྲབ་སྟོན་དང་ཚན་རིག་ཁྱབ་བརྡལ་སྒྲོག་འགྲེལ། ཡུལ་དངོས་འདྲི་རྩད། སྔོན་འགོག་ཚོད་འཛིན་ཤེས་བྱར་ལན་བཏབ་ན་བྱ་དགའ་སྟེར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཡུལ་དངོས་ཀྱི་མང་ཚོགས་ལ《མཚོ་སྔོན་ཞིང་ཆེན་གྱི་བྱི་ནད་སྔོན་འགོག་ཚོད་འཛིན་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང“མི་བྱེད་པ་གསུམ་དང་བྱེད་པ་གསུམ”སོགས་བྱི་ནད་སྔོན་འགོག་ཚོད་འཛིན་ཤེས་བྱ་ཁྱབ་བརྡལ་བཏང་། དེ་དང་མཉམ་དུ། བྱ་འགུལ་གྱིས་རིགས་སོ་སོའི་དྲིལ་སྒྲོག་སྟེགས་བུར་བརྟེན་ནས་བྱི་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་རིག་ཁྱབ་བརྡལ་འགུལ་རིས་དང་བརྙན་ཐུང་སོགས་བསྟན་པ་དང་། གོ་བདེ་ཞིང་གསོན་ཉམས་དོད་པའི་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་ཀྱི་བྱི་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་ངོས་ཟིན་མཐོར་འདེགས་སུ་བཏང་བ་དང་། མང་ཚོགས་ཀྱི་རང་སྲུང་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་སྤྱི་ཚོགས་ཡོངས་མཉམ་དུ་ཟབ་ཞུགས་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་སྲུང་ཡོལ་བརྟན་པོ་འཛུགས་པའི་ཁོར་ཡུག་ལེགས་པོ་བསྐྲུན།
རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་བསྟུད་མར་ལོ14དང་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་འཁོར་སྐྱོད་རྒྱུན་མཐུད་ངང་ལོ25རིང་བྱི་ནད་གཅིག་ཀྱང་མ་བྱུང་བའི་སྔོན་འགོག་ཚོད་འཛིན་གྲུབ་འབྲས་བླངས་ནས། རྒྱལ་ཁབ་ཀྱི་བཟོ་སྐྲུན་གལ་ཆེན་ལ་བདེ་འཇགས་ངང་སྐུལ་འདེད་གཏོང་བ་དང་། ཁུལ་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་འཇགས་འཕེལ་རྒྱས་ཐད་འགན་སྲུང་བརྟན་པོ་མཁོ་འདོན་བྱས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་པས་བསྟན་དོན། ཐེངས་འདིའི་དྲིལ་སྒྲོག་ཟླ་བའི་བྱ་འགུལ་གོ་སྐབས་སུ་བརྩིས་ཏེ། སྲིད་གཞུང་གིས་གཙོ་ཁྲིད་དང་སྡེ་ཁག་གིས་གཞོགས་འདེགས། སྤྱི་ཚོགས་ཟབ་ཞུགས་བྱེད་པའི་བྱི་ནད་སྔོན་འགོག་ཚོད་འཛིན་བྱ་བའི་རྣམ་པ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། དྲིལ་སྒྲོག་སློབ་གསོ་དེ་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། ངེས་པ་དོན་གྱིས་མང་ཚོགས་ཀྱི་སྔོན་འགོག་ཚོད་འཛིན་འདུ་ཤེས་དང་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་དགོས།