མཚོ་ནུབ་ཁུལ་གྱིས་འཕང་འབྲས་ཐོན་ལས་དེ་ཞིང་ཕྱུགས་ཐོན་ལས་གསར་སྐྲུན་གྱི་རྟེན་གཞི་རུ་བཟུང་ནས་བསྐྲུན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་གི་འཕང་འབྲས་འདེབས་འཛུགས་རྟེན་གཞི་རུ་མང་ཚོགས་ཀྱིས་དུས་ཚོད་དམ་འཛིན་སྒོས་དཔྱིད་དུས་ཀྱི་ཞིང་འདེབས་བྱ་བ་སྤེལ་ཡོད་དེ། ཐོག་མར་འདེབས་འཛུགས་རྒྱུ་ཆ་ནས་མགོ་བརྩམས་ནས་ད་ལོར་འཕང་འབྲས་ལོ་ལེགས་འབྱུང་བར་རྨང་གཞི་བཏང་ཡོད། གཏེར་ལེན་ཁ་གྲོང་ཁྱེར་གྱིས་འཕང་འབྲས་ཝུ་རག་བསྙལ་བ་དང་། ཏུའུ་ལན་རྫོང་གིས་ཚད་དམའ་བའི་ལུས་ཁམས་གསོ་བྱེད་ཀྱི་ཆང་། དབུས་ལམ་རྫོང་གིས་འཕང་འབྲས་ནག་པོའི་ཧ་ཆེན་སུའུ་བསྡུ་ལེན་བྱེད་པ་སོགས་ཀྱི་རྣམ་གྲངས་དག2026ལོའི་མཚོ་སྔོན་གྱི་འཕང་འབྲས་ཀྱི་དགེ་མཚན་ཁྱད་ལྡན་ཐོན་ལས་གཅིག་བསྡུས་ཀྱི་འཛུགས་སྐྲུན་འཆར་འགོད་ཁྲོད་བླངས་བ་དང་། ཞིབ་ཚགས་ཀྱི་ལས་སྣོན་ལ་བརྟེན་ནས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོར་གཏོང་བར་ཐོག་མར་ཐོན་སྐྱེད་ལས་སྣོན་ནས་མགོ་བརྩམས་ཏེ་ཤུགས་འདོན་དགོས།  མ་བཅོས་རྒྱུ་ཆ་རྨང་གཞི་བྱས་ཤིང་། ལས་སྣོན་སྤུས་མཐོ་ཡོང་བར་བྱས་ཏེ། ཐུན་མོང་ཐོག་“ལོ་ལྔའི་འཆར་གཞི་ཐེངས་བཅོ་ལྔ་བ”ཡི་མཚོ་སྔོན་འཕང་འབྲས་ཐོན་ལས་འཕེལ་རྒྱས་ཀྱི་ལེའུ་གསར་བ་འགོད་དགོས།

“ལོ་ལྔའི་འཆར་གཞི་ཐེངས་བཅོ་ལྔ་བ”ཡི་དུས་སྐབས་སུ། མཚོ་ནུབ་ཁུལ་གྱིས་འགྲོས་མགྱོགས་སྒོས་“སྐྱེ་ཁམས་བདེ་འཇགས་ཀྱི་ཚད་མཐོ་ལ། ཐོན་སྐྱེད་ལས་ཕྱོད་ཀྱི་ཚད་མཐོ་བ། འབྲེལ་ཐག་ཟུར་སྣོན་གྱི་ཚད་མཐོ་བ། ཁྲོམ་རའི་དགེ་མཚན་མཐོ་བ། སྒུལ་ཤུགས་ཀྱི་ཚན་རྩལ་མཐོ་བ། རིག་གནས་ཀྱི་ནུས་རླབས་མཐོ་བ”སོགས་ཉིང་བོ་ཡིན་པའི་འཕང་འབྲས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མ་ལག་འཛུགས་དགོས་ལ། འཕང་འབྲས་ཐོན་ལས་ནི་ཁུལ་ཡོངས་ཀྱི་ཆེས་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཞིང་ཕྱུགས་ཐོན་རྫས་སུ་བཟུང་ནས་གཙོ་བོར་གསོ་སྐྱོང་དང་། ནུས་ཤུགས་ཡོད་རྒུ་ཡིས་འཛུགས་སྐྲུན་བྱ་དགོས།

རྣམ་གྲངས་འཛུགས་སྐྲུན་ཐད་ལ། ན་གོར་མོ་གྲོང་ཁྱེར་འཕང་འབྲས་འདེབས་འཛུགས་རྟེན་གཞི་དང་འཕང་འབྲས་སྐམ་པོ་ཐོན་སྐྱེད་བྱེད་ཡུལ། ཏུའུ་ལན་རྫོང་འཕང་འབྲས་ཐོན་ལས་མཉམ་འདྲེས་ཀྱི་དཔེ་མཚོན་དང་། ཏུའུ་ལན་རྫོང་འཕང་འབྲས་ཚད་ལྡན་ཅན་འདེབས་འཛུགས་རྟེན་གཞི། དབུས་ལམ་རྫོང་འཕང་འབྲས་སྦྲེལ་མཐུད་ཡོངས་ཀྱི་ལས་སྣོན་སོགས་ཀྱི་རྣམ་གྲངས་གཅིག་གྱུར་ལག་བསྟར་བྱེད་པ་དང་། དུས་མཚུངས་སུ་འཕང་འབྲས་གསར་བ་དང་འཕང་འབྲས་བཏུང་ཆུ། ཁྱད་ལྡན་འཕང་འབྲས་ལས་སྣོན་ཐོན་སྐྱེད་བྱེད་ཡུལ། འཕང་འབྲས་ཁུ་བའི་ལས་སྣོན། འཕང་འབྲས་ཀྱི་ཐོན་རྫས་གསར་བའི་ལས་སྣོན་སོགས་ཀྱི་ཞིབ་ཚགས་ལས་སྣོན་རྣམ་གྲངས་དག་ལ་སྐུལ་འདེད་བཏང་ནས་མུ་མཐུད་དུ་ཐོན་ལས་རྣམ་གྲངས་བཀོད་སྒྲིག་འཐུས་ཚང་དུ་བཏང་། 

འདེབས་འཛུགས་སྤུས་ཚད་མཐོར་འདེགས་ཐད་ལ། འཕང་འབྲས་འདེབས་འཛུགས་གཞི་ཁྱོན་རྒྱ་བསྐྱེད་དེ། དངོས་ཡོད་ཀྱི་འཕང་འབྲས་འདེབས་འཛུགས་རྟེན་གཞི་ལྗང་མདོག་སྐྱེ་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། འཕང་འབྲས་སྤུས་ལེགས་ཅན་གསོ་སྤེལ་ཁྱབ་གདལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། རི་སྐྱེས་འཕང་འབྲས་སྲུང་སྐྱོང་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་བསྣན་པ་ཡིན། རྒྱུད་མཐུད་སྒོས་ལུད་དང་ཞིང་སྨན་བཀོལ་ཚད་ཉུང་དུ་གཏོང་བར་སྐུལ་འདེད་བཏང་བ་དང་། རྫོང་ཡོངས་ཀྱི་ལྗང་མདོག་འགོག་སྲུང་དང་གཅིག་སྡུད་་འགོག་བཅོས་ཀྱི་བྱ་བ་སྤེལ་ཏེ། ཆུ་གྲོན་ཆུང་ངང་གཏོང་བ་དང་ཆུ་ལུད་གཞི་གཅིག་ཅན་གྱི་སྒྲིག་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། མགོ་ཁུངས་ཀྱི་འཕང་འབྲས་སྤུས་ཚད་ཀྱི་བདེ་འཇགས་ལ་འགན་སྲུང་དང་། ཐོན་ཚད་དང་ཕན་ནུས་མཐོར་འདེགས་སུ་བཏང་ནས། ལྗང་མདོག་ནུས་མཐོའི་འདེབས་འཛུགས་བྱ་བ་མངོན་འགྱུར་བྱུང་། 

ཟུར་སྣོན་རིན་ཐང་མཐོར་འདེགས་ཐད་ལ། ས་ཁོངས་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་འཕང་འབྲས་ངོས་ལེན་མ་ལག་དང་། ཐོན་ལས་སྦྲེལ་མཐུད་ཡོངས་ཀྱི་ཚད་ལྡན་མ་ལག་འཐུས་ཚང་དུ་བཏང་ནས་འཕང་འབྲས་ཁྱད་ལྡན་ཐོན་ལས་གཅིག་བསྡུས་ཅན་གསར་སྐྲུན་བྱེད་པ་དང་། འཕང་འབྲས་གསར་བ་སོགས་གསར་དར་ལམ་བུ་རྒྱ་བསྐྱེད་དེ། མུ་མཐུད་དུ་ཐོན་ལས་གསུམ་པའི་གཏིང་ཟབ་མཉམ་འདྲེས་ལ་སྐུལ་སྤེལ་བཏང་ནས་འཕང་འབྲས་ཐོན་ལས་དེ་ཁྱད་ལྡན་འདེབས་འཛུགས་ནས་སྦྲེལ་མཐུད་ཡོངས་ཀྱི་ནུས་མཐོ་རིམ་འཕར་ལ་སྐུལ་འདེད་བཏང་སྟེ། མཚོ་ནུབ་ཀྱི་འཕང་འབྲས་ཐོན་ལས་ཉིང་བོའི་འགྲན་རྩོད་དང་ཚོང་རྟགས་ཀྱི་ཤན་ཤུགས་ནུས་པ་མཐོར་འདེགས་སུ་བཏང་བ་ཡིན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།