ཉེ་ལམ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི“ཁྲལ་གཉེར་ཁེ་ལས་གདོང་འཕྲད”ཀྱི་བཞུགས་མོལ་ཚོགས་འདུ་དང་ནུབ་བྱང་ཞིང་ཆེན་ལྔའི་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་སྐབས35བ་འགོ་ཚུགས་པའི་མཛད་སྒོ་འཚོགས་ནས། ཞིང་ཆེན་ནང་ཁུལ་གྱི་གཙོ་གནད་ཁེ་ལས15ཡི་འཐུས་མི་གདན་ཞུས་ལྟར་ཞུགས་པ་རེད།
ཐེངས་འདིའི་བྱེད་སྒོ་ནི“ཁྲད་བསྡུ། ཁྲིམས་སྐྱོང་། དྲང་གཞག” བཅས་བརྗོད་བྱ་གཙོ་བོ་བྱས་ཡོད། འགོ་ཚུགས་པའི་མཛད་སྒོ་ཐོགས་ཁེ་ལས་ཀྱི་འཐུས་མིས་རང་ངོས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཁྲལ་དོན་སྒྲིག་སྲོལ་དང་མཐུན་པའི་ལག་ལེན་གྱི་ཉམས་མྱོང་དང་སྲིད་ཇུས་ཀྱི་ཐོབ་ཚོར་མཉམ་སྤྱོད་བྱས་པ་རེད། ནུབ་རྒྱུད་གཏེར་ལས་ཚོགས་ཁག་ཚད་ཡོད་ཀུང་སུའི་སྤྱི་ཁྱབ་གཞོན་པ་དཔལ་འབྱོར་བ་ཆེན་མོ་ཝང་ཝེ་ཡིས་བཤད་རྒྱུར། ནུབ་རྒྱུད་གཏེར་ལས་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ་ཁྲིམས་ལྟར་ཁྲལ་འཇལ་བ་དང་། ཡིད་རྟོན་ཚོང་གཉེར་བྱེད་རྒྱུ་དེ་ཁེ་ལས་འཕེལ་རྒྱས་གཏོང་བའི་རྩ་བའི་ཚད་གཞིར་བརྩིས་ནས། ཧུར་ཐག་གིས་ཁྲལ་དོན་དོ་དམ་གྲངས་འཛིན་ཅན་དུ་རིམ་སྤོར་བྱེད་པར་འཚོལ་ཞིབ་བྱས་ཏེ། ནོར་དོན་མ་ལག་དང་ཁྲལ་དོན་ལས་སྟེགས་ཀྱི་གྲངས་གཞི་ཐད་ཀར་སྦྲེལ་མཐུད་བྱེད་པའི་བགྲོད་ལམ་བཏོད་ཡོད། མིག་སྔར་འཛིན་ཤོག་རང་འགུལ་ངང་ཞིབ་གཤེར་དང་། དཔང་འདོན། འཛིན་ཤོག་ཕྱིར་ཚོང་གི་བརྒྱུད་རིམ་ཧྲིལ་བོར་རང་འགུལ་ངང་སྤྲོད་པ་མངོན་འགྱུར་བྱས་ནས། ཁྲལ་དོན་དོ་དམ་གྱི་ལས་ཆོད་ཆེས་ཆེར་མཐོ་རུ་བཏང་ཡོད།
གཞན་ཡང་ཁེ་ལས་ཀྱི་འཐུས་མིས་ཁྲལ་དངུལ་དང་འབྲེལ་བའི་འབྲེལ་ཡོད་ནང་དོན་སྐོར་གྱི་དྲི་བ་བཏོན་པ་དང་། ཁྲལ་དོན་ལས་བྱེད་པས་ཡུལ་དངོས་ནས་རེ་རེ་བཞིན་ལན་བཏབ་པ་མ་ཟད། ཁེ་ལས་འཕེལ་རྒྱས་གཏོང་པའི་བརྒྱུད་རིམ་ཁྲོད་ཀྱི་ཁྲལ་འབྲེལ་རེ་ཞུ་རང་འགུལ་གྱི་འཚོལ་བསྡུ་བྱས་ཏེ། ཞིབ་ཕྲ་ལྡན་པར་འབྲེལ་ཡོད་ཁྲལ་དོན་སྲིད་ཇུས་གསལ་འགྲེལ་བྱས། ཁེ་ལས་ཀྱིས་ཁྲལ་དོན་སྡེ་ཚན་གྱི་བྱ་བར་བཏོན་པའི་བསམ་འཆར་དང་རེ་བ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཏེ། དགོས་མཁོ་ཁེ་ལས་ལ་འདྲི་བ་དང་ཐབས་ཇུས་ཁེ་ལས་ལ་འདྲི་བ་མངོན་འགྱུར་བྱུང་ནས། ཁྲལ་དོན་དང་ཁེ་ལས་བར་ནུས་མཐོའི་འབྲེལ་གཏུག་ཟམ་པ་བསྐྲུན།
མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁྲལ་འཇལ་མཁན་ལ་སྒྲིག་སྲོལ་དང་མཐུན་པའི་ཚོང་གཉེར་དང་ཡིད་རྟོན་ཁྲལ་མཇལ་གྱི་གྲོས་གཞི་བཏོན་ནས་རྒྱ་ཆེའི་ཁྲལ་མཇལ་མཁན་ལ་ཁྲིམས་སྐྱོང་གི་མཐའ་ཚད་བརྟན་སྲུང་དང་ལུགས་མཐུན་གྱི་རྨང་གཞི་བརྟན་པོ་འཛུགས་པ། ཁྲིམས་ལྟར་ཡིད་རྟོན་ཁྲལ་འཇལ་བྱེད་པ། ཁེ་ལས་ཀྱི་སྤུས་རྟགས་གསལ་བོར་བཟོ་བ། ཐུན་མོང་མཉམ་བཅོས་ལ་ཤུགས་སྣོན་བརྒྱབ་ནས་ཞི་མཐུན་གྱི་ཁྲལ་བསྡུའི་ཁོར་ཡུག་བསྐྲུན་པར་འབོད་སྐུལ་བཏང་ཡོད། ཚོགས་ཞུགས་ཁེ་ལས་ཀྱི་འཐུས་མིས་གཅིག་རྗེས་གཉིས་མཐུད་ངང་མིང་རྟགས་འགོད་པའི་གྱང་ངོས་སུ་བརྗིད་ཉམས་ལྡན་པའི་སྒོ་ནས་མིང་རྟགས་བཀོད་དེ་གྲོས་གཞི་དང་ལེན་བྱས་པ་དང་། ཁྲལ་དོན་ཁེ་ལས་ཀྱི་འཐུས་མིས་མཉམ་དུ་འགོ་འཛུགས་མཐེབ་གནོན་མནན་ནས་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་སྐབས35པའི་འགོ་ཚུགས་པ་རེད།
ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་ཁྲལ་དོན་སྡེ་ཚན་གྱིས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རྒྱ་ཁྱབ་ངང་ཁེ་ལས་ཀྱི་སེམས་གཏམ་ཉན་པ་དང་ལུགས་མཐུན་གྱི་གྲོས་གཞི་བསྡུ་ལེན་བྱས་ཏེ་ཁྲལ་འཇལ་ཞབས་ཞུ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་ཁྲལ་བསྡུའི་ཁྲིམས་འཛིན་ཚད་ལྡན་དུ་བཏང་ནས་རྒྱ་ཆེའི་ཁྲལ་འཇལ་མཁན་དང་ལག་གདང་སྦྲེལ་ནས་ཁྲིམས་ལྟར་ཡིད་རྟོན་ཁྲལ་འཇལ་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་ཏེ། ཐུན་མོང་ཐོག་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་ཁྲལ་དོན་ཁེ་ལས་ཀྱི་སྟོབས་ཤུགས་བཏོན་ཡོད།