ཟླ3པའི་ཚེས28ཉིན། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུའུ་ཡི་རྟོག་ཞིབ་མི་སྣས་སྟོང་སྐོར་རྫོང་ཧི་ཕེན་ཡུལ་ཚོ་རུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་གྱི་བྱ་རིགས་ཏེ། ཐང་ནག་ཐོག་དང་པོར་ཟིན་ཐོར་བཀོད།
རྒྱུས་ལོན་པ་ལྟར་ན། 2025ལོའི་ཟླ5པར་སྟོང་སྐོར་རྫོང་དུ་རི་སྐྱེས་སྲོག་ཆགས་ཐོན་ཁུངས་རྟོག་ཞིབ་ལས་གཞི་མགོ་བརྩམས་པའི་ཚུན་ལ། མཚོ་སྔོན་སན་ཡེ་ཚོ་སྐྱེ་ཁམས་ཚན་རྩལ་ཞབས་ཞུ་ཚད་ཡོད་ཀུང་སིས་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་རྒྱབ་སྐྱོར་འོག ཁུལ་ཁོངས་ཡོངས་སུ་རྟོག་ཞིབ་ཐེངས་མང་པོར་བྱས། རྟོག་ཞིབ་ཁྲོད་ཁྲུང་ཁྲུང་ནག་པོ་དང་གླག་ཁྲའི་སྣང་བརྙན་མཐོང་བ་མ་ཟད། ཞིང་ཆེན་དང་རྫོང་དུ་ཐོག་མར་གསར་རྙེད་བྱུང་བའི་བྱ་རིགས་མང་པོ་ཤེས་རྟོགས་བྱུང་ལ། ཐང་ནག་གི་གཟུགས་བརྙན་མཐོང་བས་ཐེངས་འདིའི་རྟོག་ཞིབ་ལ་རིན་ཐང་མི་འདྲ་བ་བསྩལ། 2025ལོའི་ཟླ12པའི་ཚེས16ཉིན། རྟོག་ཞིབ་མི་སྣས་ཧི་ཕེན་ཡུལ་ཚོ་རུ་དགུན་སྐྱེལ་བྱ་རིགས་ཐད་རྟོག་ཞིབ་བྱེད་སྐབས། ཐང་ནག་གི་གཟུགས་བརྙན་ཐོག་དང་པོར་ཟིན་ཐོར་བཀོད། ཕྱིས་སུ་ཏཱ་ཧྭ་གྲོང་རྡལ་གྱི་ས་བབ་མཐོ་ས་དང་ཉི་ཟླ་ཡུལ་ཚོའི་ཉི་ཟླ་རི་བོ་སོགས་སུ་ཐང་ནག་གི་རྗེས་ཤུལ་མཐོང་བས་སྟོང་སྐོར་རྫོང་ཁོངས་སུ་རྒྱ་ཆེ་བར་ཁྱབ་ཡོད་པ་དང་། ཉུང་ཤས་ཤིག་གིས་དགུན་སྐྱེལ་བའི་གནས་ཚུལ་ཡང་ཤེས་རྟོགས་བྱུང་།
རྒྱལ་ཁོངས་སུ་ཐང་ནག་གི་ཁྱབ་ཡུལ་གཙོ་བོ་ནི་ནུབ་བྱང་ས་ཁུལ་དང་ཧྭ་པེ་ས་ཁུལ། ལྷོ་ནུབ་ཕྱོགས་ཀྱི་མཐོ་སྒང་ས་ཁུལ་ཡིན་ལ། མཚོ་སྔོན་ནང་ཁུལ་དུ་ཁྱབ་རྒྱ་ཆེ་ལ། ཐེངས་འདིར་སྟོང་སྐོར་ས་ཁུལ་དུ་མངོན་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་རིགས་འདིའི་ཁྱབ་ཚུལ་གྱི་ཟིན་ཐོ་སྔར་ལས་ཕུན་སུམ་ཚོགས་པོར་གྱུར།