ཟླ4པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཚོང་དོན་པུའུ་ཡི་ལྟ་ཞིབ་ཚད་ལེན་སྟེགས་བུའི་གཞི་གྲངས་ལས་མངོན་པ་ནི། དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཚོང་དོན་སིལ་འཚོང་ཁེ་ལས84ལ་སྒོར་བྱེ་བ་བཞི་ས་ཡ་དྲུག་ཁྲི་བདུན་དགུ་སྟོང་ལྔ་བརྒྱ་ཡོད་པ་དང་། གཙོ་གནད་བཟའ་བཏུང་ཁེ་ལས26ལ་ལས་གཉེར་ཡོང་འབབ་སྒོར་བརྒྱད་འབུམ་ལྔ་སྟོང་ལྔ་བརྒྱ་ཡོད། གུང་གསེང་སྐབས་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ཁྲོམ་རའི་མཁོ་སྤྲོད་གཉིས་ཀ་དར་བ་དང་བྱེད་སྒོ་འཁྲུག་ཆ་དོད་པ། འགན་སྲུང་འདང་ངེས་བཅས་ཡོད་པས་རྒྱུན་མཐུད་ཆེ་རུ་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད།
ཞིང་ཆེན་ཡོངས་ཀྱི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་གིས་ཤེས་དཔལ་ལྡན་པའི་མཆོད་འབུལ་དང་མེ་ཏོག་ལ་ལྟ་བ། འཆམ་འཆམ་བྱེད་པ། ལྷམ་དང་གྱོན་ཆས་གསར་པ་བརྗེ་བ་སོགས་བྲིན་ཁ་རྒྱུག་པའི་གོ་སྐབས་དམ་འཛིན་བྱས་ཏེ། སྤུས་ཚད་མཐོ་བའི་དུས་ཆེན་ཚོང་ཟོག་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ཆེན་གྱི་འཛད་སྤྱོད་ཁྲོམ་ར་སྐུལ་སྤེལ་ནུས་ལྡན་བྱས། གཙོ་གནད་ལྟ་ཞིབ་ཚད་ལེན་ཚོང་ཟོག་ཁྲོད་འཕྲིན་གཏོང་ཡོ་བྱད་དང་ལུས་རྩལ་རོལ་རྩེད་མཁོ་ཆས་རིགས་ཀྱི་འཕར་ཚད་ཅུང་ཆེ་བ་དེ་སོ་སོར་བརྒྱ་ཆའི་གྱ་བརྒྱད་གྲངས་ཆུང་བརྒྱད་དགུ་དང་བརྒྱ་ཆའི་སོ་བཞི་གྲངས་ཆུང་ཐིག་གཉིས་འཕར་བ་དང་། ཀྲུང་ལུགས་དང་ནུབ་ལུགས་སྨན་རྫས་རིགས་ཅུང་འཕར་བའི་རྣམ་པ་མངོན། བཟའ་བཏུང་འཛད་སྤྱོད་ཐད་བཟའ་བཏུང་ཁེ་ལས་ཆེ་གྲས་ཀྱིས་བཟའ་བཏུང་འཛིན་ཤོག་སྤྲོད་པ་དང་དུས་ཆེན་གྱི་སྔོ་ཚལ་སྤྲོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་འཛད་སྤྱོད་པའི་ཡིད་དབང་བཀུག་སྟེ་ཟ་ཁང་ནས་འདུ་འཛོམས་བྱེད་པ་དང་། ཁྱིམ་སྡོད་བཟའ་བཏུང་གི་མངག་སྐྱེལ་དགོས་མཁོ་བརྟན་བརླིང་ངང་ཆེ་རུ་ཕྱིན་ནས་སྤྱི་ཡོངས་ནས་བརྟན་པོའི་འཁོར་སྐྱོད་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།
ཞིང་ཆེན་ཚོང་དོན་ཐིང་གིས་རྒྱུན་མཐུད་ངང་འཛད་སྤྱོད་ཐོན་རྫས་ཀྱི་རྙིང་ཚབ་གསར་བརྗེས་ལས་དོན་ལ་སྐུལ་འདེད་བཏང་བ་དང་། སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་ཀྱིས་མཉམ་འབྲེལ་ཐོག་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རྩ་འཛུགས་སྒོས། འཛད་སྤྱོད་ཀྱི་བག་ལ་ཞ་བའི་ནུས་པ་སྔར་བས་སྐུལ་སློང་བྱས་ཡོད། དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་སྐབས་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ཐོན་རྫས་ཀྱི་རྙིང་ཚབ་གསར་བརྗེས་ཀྱི་ཉིན་རེར་ཆ་སྙོམས་རེ་ཞུ་བྱེད་ཚད་མི་ཐེངས503ཟིན་པ་དེ་དུས་རྒྱུན་གྱི་རེ་ཞུ་བྱེད་ཚད་ལས3%འཕར་བ་དང་། བརྗེ་སྤྲོད་ཀྱི་ཁ་གསབ་དངུལ་གྲངས་སྒོར་ས་ཡ་གསུམ་ཁྲི་བཞི་ཟིན། འཛད་སྤྱོད་སྒོར་བྱེ་བ་ལྔ་ས་ཡ་བཞི་འབུམ་དགུ་སྐུལ་སློང་བྱས། ཟི་ལིང་གྲོང་ཁྱེར་གྱིས་བྱ་དགའ་ཡོད་པའི་བཙོངས་འཛིན་ཚོད་ལྟ་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱུན་མཐུད་ངང“འཛད་སྤྱོད་ཀྱི་པ་སེ་ལེན་པ་དང་ཞུགས་པར་བྱ་དགའ་ཐོབ་པའི”རྣམ་པ་བཏོད་ཡོད། གུང་གསེང་ཉིན་གསུམ་རིང་བསྡོམས་པས་ཞུགས་མཁན་མི་ཐེངས་བརྒྱད་ཁྲི་སུམ་སྟོང་ཟིན་པ་དང་ཉིན་གཅིག་ལ་ཞུགས་མཁན་མི་ཐེངས་མཐོ་ཤོས་སུམ་ཁྲི་སུམ་སྟོང་ཟིན་ནས་འཛད་སྤྱོད་སྒོར་དུང་ཕྱུར་གཅིག་ས་ཡ་ལྔ་ཟིན་ཡོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས“ཚྭ་འདམ་གཞོང་ནས་འཛོམས། དཔྱིད་ཀའི་ཉོ་སྒྲུབ་དུས་ཚིགས”ཀྱི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་སྤེལ་ནས་རླངས་འཁོར་ཉོ་བའི་ཁ་གསབ་དང་བཟོས་གྲུབ་འབྲུ་སྣུམ་དང་། ཁྱིམ་སྤྱོད་གློག་ཆས། གྲངས་འཛིན། བཟའ་བཏུང་འཕྲལ་ཆག་འཛད་སྤྱོད་འཛིན་ཤོག་སོགས་སྤྲད་པ་རེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་རིམ་པའི་ཆེད་སྤྱོད་མ་དངུལ་གཅིག་འདོམས་བྱས་ནས“གངས་རིའི་ས་ཆེན·མགོ་ལོག་ཕན་ཉོའི”བྱེད་སྒོ་སྤེལ་བ་དང་། ཁུལ་ཡོངས་ཀྱི་ཚོང་པ300ལྷག་དེའི་ནང་ཧུར་ཐག་གིས་ཞུགས་ནས། སྲིད་གཞུང་དང་ཁེ་ལས་མཉམ་འགུལ་གྱིས་མང་ཚོགས་ཀྱི་འཛད་སྤྱོད་སྤྲོ་སེམས་རྒྱས་པར་བྱས།
ཚོང་དོན་ཐིང་གིས་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། ཟླ4པའི་ཚེས6ཉིན་བར་ཞིང་ཆེན་ནང་ཁུལ་གྱི་འབྲུ་སྣུམ་སྡེབ་འཚོང་ཁྲོམ་ར་ཆེ་གྲས་གསུམ་གྱི་མཛོད་ཉར་འབྲས་ཏུན2705དང་། གྲོ་ཕྱེ་ཏུན2818། བཟའ་སྣུམ་ཏུན1564བཅས་ཡོད་པ་དང་། མཛོད་ཉར་བྱེད་ཚད་ལུགས་མཐུན་གྱི་བར་མཚམས་རྒྱུན་སྲུང་བྱས་ཡོད། ཟླ4པའི་ཚེས4ཉིན་ནས་ཚེས6ཉིན་བར་དུ་མདོ་དབུས་མཐོ་སྒང་གི་ཞིང་ཞོར་ཐོན་རྫས་བསྡུ་འགྲེམ་ལྟེ་གནས་ཀྱིས་རིམ་རྩིས་བྱས་ན་སྔོ་ཚལ་ཏུན4668དང་སིལ་ཏོག་ཏུན1151། བྱ་སྒོང་ཏུན424བཅས་བཏང་བ་ཚང་མ་ན་ནིང་གི་དུས་མཉམ་གྱི་ཆུ་ཚད་ལས་མཐོ་བ་རེད། ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཤ་རིགས་བཤས་ཁང་ཁེ་ལས་ལྔ་ཡིས་རིམ་རྩིས་བྱས་ན་ཕག་ཤ་གསར་པ་ཏུན162དང་། སྐམས་ཤ་ཏུན103། ལུག་ཤ་ཏུན51བཅས་མཁོ་འདོན་བྱས་ནས་གུང་གསེང་སྐབས་སུ་མང་ཚོགས་ཀྱི་རྒྱུན་ལྡན་འཛད་སྤྱོད་དགོས་མཁོ་ཁྱོན་ཡོངས་ནས་འགན་སྲུང་བྱས།